རྒྱལ་ས་ལྡི་ལིའི་རླུང་ཁམས་འབག་བཙོག་གིས་འཕྲོད་བསྟེན་ལ་ཉེན་ཁ། 

ད་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གནས་སྡོད་བྱེད་མཁན་ཁྱོན་མི་གྲངས་ས་ཡ་༣༢ ལས་མང་བ་ཡོད་པར་བརྟེན། དགུན་དུས་སུ་ཞིང་པ་རྣམས་ཀྱིས་ལོ་ཏོག་གི་སྙིག་རོ་རྣམས་མེར་སྲེག་གཏོང་བ་དང། རྒྱ་གར་གྱི་མར་མེའི་དུས་ཆེན་ནམ་(Diwali) དེ་ཡང་དགུན་དུས་སུ་ཁེལ་བས། མར་མེའི་དུས་ཆེན་སྐབས་ཤོག་སྦག་ཕོན་ཆེན་སྦར་བའི་རྐྱེན་གྱིས་མཁའ་རླུང་འབག་བཙོག་འཚབ་ཆེན་བཟོ་ཡི་ཡོད་པས་ལྡི་ལིའི་ནང་ཡོད་པའི་མི་མང་གི་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་ཡོད་འདུག

ཕྱི་ཚེས་༩ ཉིན་(BBC) གསར་ཁང་གིས་གནས་ཚུལ་བཏོན་གསལ་ལྟར་ན། ལྡི་ལིའི་ནང་རླུང་གི་སྤུས་ཚད་ཞན་པོ་ཆགས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རླུང་གི་སྤུས་ཚད་བདེ་འཇགས་ཡིན་ཚུལ་བརྗོད་པའི་ཚད་གཞི་ལས་ལྡབ་ལྔ་སྡུག་ཏུ་ཕྱིན་ནས། མི་ཞིག་གིས་ཉིན་གཅིག་གི་ནང་ཐ་མ་སྒམ་གཅིག་འཐེན་པ་དང་གཅིག་མཚུངས་ཡིན་པས། ལྡི་ལིར་གནས་སྡོད་བྱེད་བཞིན་པའི་མི་མང་གི་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་འདུག དུས་རྒྱུན་ཕྱི་ལོགས་སུ་འགྲོ་དུས་ཁ་རས་གྱོན་རྒྱུ་དང། ཉིན་མོར་ཕྱིར་མི་འགྲོ་བ། ནང་ལ་སྡོད་དུས་སྒོ་དང་སྒེའུ་ཁུང་སོགས་བརྒྱབས་ནས་སྡོད་རྒྱུ་གལ་ཆེ་ཡིན་པར་བརྗོད་བཞིན་འདུག 

དེ་བཞིན་ད་ཆར་ལྡི་ལིའི་ནང་ཡོད་པའི་མི་མང་པོ་ཞིག་གིས་འཕྲུལ་ཆས་ཀྱི་སྐད་ཅོར་དང་། རླུང་ཁམས་འབག་བཙོག་གིས་རྐྱེན་པས་མིག་དང་མགོ་ན་བ། དབུགས་གཏོང་ལེན་སོགས་འཕྲོད་བསྟེན་གྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པས་མི་མང་གིས་གཞུང་ལ་ཞུ་གཏུགས་རྒྱག་གི་ཡོད་འདུག་ལ། དེ་བཞིན་ལྡི་ལིའི་སྨན་ཁང་ཁག་ནང་དབུགས་གཏོང་ལེན་གྱི་དཀའ་ངལ་འཕྲད་པའི་ནད་པ་མང་དུ་འགྲོ་བཞིན་ཡོད་པས་སྨན་ཁང་མང་པོས་ཁྲིམས་ཁང་ལ་ཞུ་གཏུགས་བརྒྱབས་ཡོད་འདུག དུས་རྒྱུན་དུ་ལྡི་ལིའི་ནང་རླུང་ཁམས་འབག་བཙོག་གིས་རྐྱེན་པས་པགས་ནད་དང་། མིག་ནད། མགྲིན་པའི་ན་ཚ། གློ་ནད། འབྲས་ནད་སོགས་ཀྱི་ན་ཚ་མང་པོ་ཡོང་གི་ཡོད་འདུག 

མཁའ་རླུང་འབག་བཙོག་དེའི་ཁྲོད་དུ་མི་མང་འབྱོར་ལྡན་པ་རྣམས་ཀྱིས་ནང་དུ་རླུང་གཙང་བཟོའི་འཕྲུལ་ཆས་ཉར་གྱི་ཡོད་ཀྱང་། ཉིན་གླ་ལ་བརྟེན་ནས་འཚོ་ཐབས་བྱེད་མཁན་ལམ་བཟོ་བ་དང། ཁང་པ་རྒྱག་མཁན། གད་སྙིགས་གཙང་བཟོ་བ། ལམ་ཟུར་གད་རྒྱག་མཁན། དེ་བཞིན་གཞུང་ལམ་ལྟ་སྲུང་བའི་ཉེན་རྟོག་པ་སོགས་ཀྱི་འཕྲོད་བསྟེན་ལ་དུས་རྒྱུན་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག 

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནི་འཛམ་གླིང་ནང་མི་གྲངས་མང་ཤོས་ཀྱི་གྲོང་ཁྱེར་ཞིག་དང། མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་ཞིག་ཀྱང་ཡིན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།