རྒྱལ་སྤྱིའི་གསར་ཁང་ཁག་མང་པོས་རྒྱ་ནག་གི་མངོན་འདོད་ལྟར་བོད་ལ་ཞི་ཙང་ཞེས་འབོད་བཞིན་འདུག

ལ་སྟོད་དིང་རི་ལ་ས་འགུལ་ཤུགས་ཆེན་བརྒྱབ་ནས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཕོག་པའི་དུས་སུ་ཡང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ས་འགུལ་གྱི་གནས་ཚུལ་སྤེལ་སྐབས། བོད་ལ་ཞི་ཙང་དང་ཀྲུང་གོའི་བོད་ལྗོངས་ཟེར་བའི་ཐ་སྙད་སོགས་སྤྱད་ནས་བོད་མི་རིགས་ཀྱི་ལོ་རྒྱུས་དང་ངོ་བོ་རྩ་བརླག་ཏུ་གཏོང་བའི་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་དང་དྲིལ་བསྒྲགས་བྱེད་བཞིན་འདུག

ཟླ་འདིའི་ཚེས་༧ གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་༩ པ་ཡོལ་ཙམ་ལ་བོད་སྟོད་དིང་རི་རྫོང་ལྟེ་བ་བྱས་ནས་ལྷ་རྩེ་དང་ས་སྐྱ་སོགས་སུ་ས་འགུལ་བརྒྱབ་ནས་ད་བར་མི་གྲངས་༡༢༦ ཙམ་འདས་གྲོངས་སུ་ཕྱིན་ཞིང་། མི་གྲངས་༡༨༨ ཙལ་ལ་རྨས་སྐྱོན་ཕོག་པ། སྡོད་ཁང་༣༦༠༩ ལྷག་གཏོར་སྐྱོན་ཐེབས་ཡོད་པ་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་ལྟར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་དེ་བཞིན་སྤེལ་འདུག

ཟླ་འདིའི་ཚེས་༩ ཉིན། བྷི་བྷི་སི་གསར་ཁང་གིས་བོད་ནང་དམ་དྲག་ཆེ་ཞིང་། རྒྱ་གཞུང་གི་ཆོག་མཆན་མེད་པར་གསར་འགོད་པ་རྣམས་འགྲོ་བསྐྱོད་བྱེད་མི་ཆོག་པར་བརྟེན། ས་འགུལ་དང་ས་འགུལ་བརྒྱབ་པའི་རྗེས་ཀྱི་གནས་ཚུལ་གང་ཤེས་རྟོགས་བྱུང་བ་ལས་མང་ཆེ་བ་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་ཡིན་ཞེས་བཀོད་པ་ལྟར། ཟླ་འདིའི་ཚེས་༧ གྱི་དགོང་མོ་ནས་བཟུང་། རྒྱ་གཞུང་གིས་ས་འགུལ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་ཁ་སྣོན་མ་བྱས་པར་བརྟེན། ད་བར་ས་འགུལ་ཁྲོད་མི་རྒྱུ་ཟོག་གསུམ་ལ་གྱོང་གུད་ག་ཚོད་ཕོག་ཡོད་པ་དངོས་ཡོད་གནས་ཚུལ་འགོད་མཁན་བྱུང་མེད།

ལྷག་པར་དུ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ས་འགུལ་གྱི་གནས་ཚུལ་སྤེལ་སྐབས། བོད་ལ་དབྱིན་ཡིག་ཏུ་ཞི་ཙང་དང་། ཀྲུང་གོའི་བོད་ལྗོངས་སོགས་བེད་སྤྱོད་བྱས་ནས་བོད་མི་རིགས་ཀྱི་ལོ་རྒྱུས་དང་ངོ་བོ་རྩ་བརླག་གཏོང་བའི་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་དང་དྲིལ་བསྒྲགས་བྱས་ཡོད་འདུག

དེ་བཞིན་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་(VOA, The Guardian, ALJAZEERA,The New York Times, India TV News. AFP, ANI, NDTV) ་སོགས་ཀྱིས་ཀྱང་ས་འགུལ་གྱི་གནས་ཚུལ་སྤེལ་བའི་སྐབས། རྒྱ་ནག་གི་དྲིལ་བསྒྲགས་ལྟར། གསར་འགྱུར་དང་པར་གྱི་འགོ་བརྗོད་སོགས་སུ། རྒྱ་ནག་ཏུ་ས་འགུལ་བྱུང་བ་ཞེས་དང་། བོད་ལ་ཀྲུང་གོའི་བོད་ལྗོངས་དང་།  ཞི་ཙང་། གཞིས་ཀ་རྩེ་ལ་དབྱིན་ཡིག་ཏུ་(Shigatse) ཞེས་མ་བྲིས་པ་རྒྱ་ནག་གིས་བཀོལ་སྤྱོད་བྱེད་པའི་ཐ་སྙད་(XIGAZE) ཞེས་བཀོལ་སྤྱོད་བྱས་འདུག

ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིིའི་བོད་དོན་འབྲེལ་མཐུད་ཁང་(International Tibet Network) གིས་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པ་དང་། བོད་མི་ཚོའི་རིག་གཞུང་ལ་གུས་བརྩིའི་ཆེད་གཞུང་དང་གསར་ཁང་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ལ་ཞི་ཙང་ཞེས་པའི་ཚབ་ཏུ་བོད་(Tibet) ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བའི་འབོད་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག

ཟླ་འདིའི་ཚེས་༨ ཀྱི་ཕྱི་དྲོར། ས་འགུལ་གྱི་གོད་ཆགས་ཁྲོད་འདས་གྲོངས་སུ་ཕྱིན་པ་སོགས་ཀྱི་དོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་དང་། དྷ་སར་གནས་འཁོད་རང་རིགས་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་འཚོགས་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཀྱང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་ལ་ཞི་ཙང་ཞེས་པའི་ཚབ་ཏུ་བོད་(Tibet) ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ལ་ཞི་ཙང་ཞེས་པའི་ཐ་སྙད་དེ་ཐོག་མ་རྒྱ་ནག་གི་དབྱིན་ཡིག་བརྒྱུད་ལམ་ཁག་གིས་ཕྱི་ལོ་༢༠༠༠-༢༠༡༠ བར་བེད་སྤྱོད་གཏོང་འགོ་བཙུགས། ཕྱི་ལོ་༢༠༢༣ ཟླ་༡༠ པའི་ནང་། རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཡོངས་རྫོགས་སུ་བོད་ཅེས་པའི་ཚབ་ཏུ་ཞི་ཙང་ཞེས་པའི་ཐ་སྙད་བེད་སྤྱོད་བྱས། ཉེ་ལམ་རྒྱ་ནག་ཙམ་མ་ཡིན་པར། ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་ཀྱང་། བོད་ཅེས་པའི་ཚབ་ཏུ་ཞི་ཙང་ཞེས་པའི་ཐ་སྙད་དེ་བཀོལ་སྤྱོད་བྱས་ཡོད་འདུག   རྒྱ་ནག་གིས་ས་འགུལ་གྱི་གོད་ཆགས་དེ་དང་བསྟུན་ནས། བོད་ཀྱི་ལོ་རྒྱུས་དང་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་དང་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།