རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རེ་སྐུལ་ལྟར་ཧྥི་ལི་ཕིན་གྱི་སྲིད་འཛིན་ཟུར་པ་འཛིན་བཟུང་བྱས་འདུག

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རེ་སྐུལ་འོག། ཧྥི་ལི་ཕིན་གྱི་སྲིད་འཛིན་ཟུར་པ་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཁོ་རང་སྲིད་འཛིན་ཡིན་པའི་སྐབས། རྒྱལ་ཡོངས་སུ་མྱོས་རྫས་ལ་རྒོལ་བའི་དམག་འཁྲུག་ཅེས་པའི་ལས་འགུལ་ཞིག་སྤེལ་ནས་མི་གྲངས་ཁྲི་གཉིས་ཙམ་མེ་མདའ་བརྒྱབ་ནས་བསད་ཡོད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༡༡ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  དེ་རིང་ཧྥི་ལི་ཕིན་གྱི་སྲིད་འཛིན་ཟུར་པ་རོ་ཌི་རི་གྷོ་(Rodrigo Duterte) ཧོང་ཀོང་ནས་ཕྱིར་ཕ་ཡུལ་དུ་ལོག་སྐབས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རེ་སྐུལ་ལྟར། མེ་ནི་ལ་(Manila) རྒྱལ་སྤྱིའི་གནམ་ཐང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ལོ་༧༩ ཡིན་པའི་སྲིད་ཟུར་ནི། ཕྱི་ལོ་༢༠༡༦ ལོར། ཁོང་ལ་ཧྥི་ལི་ཕིང་གི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་ནས་བཟུང་། ཕྱི་ལོ་༢༠༢༢ ལོར་སྲིད་འཛིན་གྱི་དུས་ཡུན་མ་རྫོགས་པའི་བར། ཁོང་གིས་རྒྱལ་ཡོངས་སུ་མྱོས་རྫས་ལ་རྒོལ་བའི་དམག་འཁྲུག་ཅེས་པའི་ལས་འགུལ་ཞིག་སྤེལ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་གྲངས་ཐོ་ལྟར་ན། ལས་འགུལ་དེའི་ཁྲོད་ཉེན་རྟོག་པས་རྒྱལ་ཡོངས་སུ་མི་གྲངས་༡༢༠༠༠ ནས་༣༠༠༠༠ བར་བསད་ཡོད་འདུག

འདས་གྲོངས་སུ་འགྲོ་མཁན་མང་ཆེ་བ་ནི། གྲོང་ཁྱེར་ཁག་ཏུ་ཡོད་པའི་དབུལ་ཕོངས་ཀྱི་སྐྱེས་པ་ཚོ་ཡིན་ཞིང་། ཉེན་རྟོག་པས་སྐབས་རེར་ཁོང་ཚོ་གཞུང་ལམ་ཟུར་དང་། མཚམས་རེར་ཁྱིམ་དུ་མེ་མདའ་བརྒྱབ་ནས་བསད་པ་སོགས། རྒྱལ་སྤྱིའི་ནང་ཁོང་གི་ཁྲག་དྲི་དྲོ་བའི་དྲག་གནོན་གྱི་ལས་འགུལ་དེར་སྐྱོན་བརྗོད་བྱེད་མཁན་དུ་མ་བྱུང་ཡང་། རྒྱལ་ནང་དུ་ཁོང་གི་མཚན་སྙན་སྔར་བཞིན་གནས་པ་མ་ཟད། ཁོང་གི་བུ་མོ་ནི་ད་ལྟའི་ཆར་ཧྥི་ལི་ཕིན་གྱི་སྲིད་འཛིན་གཞོན་པ་ཆགས་ཡོད་འདུག

སྲིད་འཛིན་ཟུར་པ་ཁོང་གིས་རྒྱུན་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ཅིང་། ཁོང་ནི་སྐད་ཆ་ཁར་ཐུག་ཤོད་མཁན་ཞིག་དང་། རྩུབ་སྤྱོད་ལྡན་པའི་འགོ་ཁྲིད་ཅིག་ཡིན་པར་བརྟེན། ཤར་ཕྱོགས་པའི་ཊོམ་ཞེས་མིང་ཐོབ་འདུག ཨུ་རུ་སུའི་སྲིད་འཛིན་ནི་ཁོ་རང་གི་མིག་དཔེ་ལྟ་ས་ཞིག་ཡིན་ཞེས་བརྗོད་མྱོང་བ་མ་ཟད། སྲིད་འཛིན་ཡིན་སྐབས། ཡུན་རིང་མཐུན་གྲོགས་སུ་གྱུར་བའི་ཨ་རི་དང་ཁ་བྲལ་ནས་རྒྱ་ནག་ལ་འབྲེལ་ལམ་ཉེ་རུ་བཏང་བའི་ཕྱི་འབྲེལ་སྲིད་བྱུས་བཟུང་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཧྥི་ལི་ཕིན་རྒྱལ་ཁབ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྱབ་ཁོངས་ནས་ཕྱིར་འཐེན་བྱས་ཡོད་འདུག་ཀྱང་། ཁྲིམས་ཁང་གིས་ཕྱིར་འཐེན་མ་བྱས་པའི་སྔོན་གྱི་ཉེས་ཅན་དོན་རྐྱེན་ཐོག་ལ་ད་དུང་ཞིབ་་འཇུག་དང་ཁྲིམས་གཏུགས་བྱེད་ཆོག་པའི་དབང་ཚད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁོང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་དགོས་པར་བརྗོད་འདུག་ལ། ད་ཐེངས་ཁོ་རང་འཛིན་བཟུང་བྱས་པ་དེས། མྱོས་རྫས་ལ་རྒོལ་བའི་དམག་འཁྲུག་ཅེས་པའི་ལས་འགུལ་ཁྲོད། འདས་གྲོངས་སུ་འགྲོ་མཁན་རྣམས་ཀྱི་ནང་མི་ཚོ་དྲང་བདེན་གྱི་ཉེ་སར་འཁྲིད་ཐུབ་པ་བྱུང་ཡོད་པ་དང་། མི་སུ་ཡིན་རུང་། ཁྲིམས་ཀྱི་འོག་ཏུ་ཡོད་པའི་བརྡ་ལན་གསལ་བོ་ཞིག་བཏང་ཡོད་པར་བརྗོད་འདུག།།

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནི་ནེ་ཐར་ལན་ཌི་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཁང་ཞིག་ཡིན་པ་དང་། ཚབས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་། དམག་འཁྲུག་གི་ཉེས་པ། རིགས་རྒྱུད་གཙང་སེལ་གྱི་ཉེས་པ་བཅས་ཀྱི་ཉེས་ཅན་རྣམས་ཁྲིམས་གཏུགས་ལ་དབང་ཚད་ཡོད་འདུག

ད་ལྟའི་ཆར་ཁྲིམས་ཁང་དེའི་ཁྱབ་ཁོངས་སུ་རྒྱལ་ཁབ་༡༢༣ ཙམ་ཡོད་ན་ཡང་། ཨ་རི་དང་རྒྱ་གར། ཨུ་རུ་སུ་དང་རྒྱ་ནག སོགས་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་ཁྲིམས་ཁང་ལ་ངོས་ལེན་བྱས་མེད་པ་མ་ཟད། རྒྱལ་ཁབ་ཁག་ཅིག་གིས་མཐུན་གྲོགས་བྱེད་མི་འདོད་པ་སོགས་ལ་བརྟེན། ཁྲིམས་ལག་བསྟར་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།