རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ནན་པོ་ཞིག་རག་ཐུབ་པའི་དམིགས་ཡུལ་གཙོ་བོ་བཟུང་ཡོད།
“ང་རང་སྒེར་གྱི་ངོས་ནས་བཤད་ན། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་དེ་སྨྲ་བརྗོད་རང་དབང་ནང་ལ་བཞག་མི་རུང་བ་དང་བོད་མི་སུ་གང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མི་རུང་བར་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང།
ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག།དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། གླིང་ཕྲན་ཨེ་ཤི་ཡ་དང་ཡུ་རོབ། ལྷོ་ཨ་མི་རེ་ཀ་བཅས་རྒྱལ་ཁབ་ཁག་༡༠ ནས་ཡོང་བའི་བོད་དོན་རྒྱབ་སྐྱོར་ཚོགས་པ་༡༤ དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱི་ཚོགས་མི་༤༦མཉམ་འཛོམས་ཐོག ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་པ་དེ་འགོ་འཛུགས་བྱས་སོང། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་གཉིས་ཕེབས་འདུག
མཛད་སྒོའི་ཐོག་མར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་བཏོན་པའི་“བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་ཇུས་སྙན་ཐོ་”ཞེས་པའི་དེབ་ཅིག་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སོང།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་གྱིིས། སྙན་ཐོ་དེ་༢༠༡༢ ལོར་བསྡུ་རུབ་བྱས་པ་ཞིག་ཡིན་ཡང། དེབ་འདིའི་བརྒྱུད་ང་ཚོས་བོད་དོན་འཐབ་རྩོད་ཁྲོད། ཐབས་བྱུས་མང་ཤོས་ག་རེ་བེད་སྤྱོད་བྱས་ཡོད་པ་དང། ཐབས་བྱུས་ག་རེ་ལ་དོ་སྣང་བྱས་མེད་པ་སོགས་ཤེས་པར་བྱས་ཏེ། མ་འོངས་པར་འཐབ་རྩོད་ཀྱི་ནུས་ཤུགས་གོང་འཕེལ་གང་འདྲ་བྱེད་དགོས་མིན་ཐོག་ལ་ཕན་པའི་དམིགས་ཡུལ་བཟུང་ཏེ་བཏོན་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།
མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་“བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པས། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང།
ཁོང་གིས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་ལ་རྒྱབ་སྐྱོར་བྱེད་ཚུལ་དང་འབྲེལ་བའི་རེ་བ་ཞུ་རྒྱུ་ཁག་གསུམ་གྱི་སྐོར་གསུང་དོན་ལ། དང་པོར་བོད་ནང་གི་བོད་མི་རྣམས་ད་དུང་ཡང་རྒྱ་ནག་གི་བཙན་གནོན་འོག་ལ་ཡོད་ཁར། རིག་གཞུང་རྩ་མེད་གཏོང་བཞིན་པ། ཁོར་ཡུག་གཏོར་བཤིག་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་སྡིངས་ཆར་སྤེལ་ཐུབ་པ་བྱེད་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་དེ་བོད་ཀྱི་འཐབ་རྩོད་ཀྱི་ལྟེ་གནས་ཡིན་པས། རྒྱབ་སྐྱོར་ཚོགས་པ་ཁག་གིས་ལྟ་བ་ལངས་ཕྱོགས་གང་ཡིན་མིན་ལ་མ་ལྟོས་པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་ཡིན་པ། དེ་བཞིན་བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་གི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་བོད་དེ་ཨེ་ཤི་ཡའི་ཆུའི་བང་མཛོད་ཡིན་པས། རྒྱ་ནག་གིས་ཁོར་ཡུག་དེ་ལ་གཏོར་བཅོམ་བྱེད་ཀྱི་ཡོད་པར་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་ཡོང་ཐབས་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གསུངས་སོང།
དེ་བཞིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་བོད་དོན་རྒྱབ་སྐྱོར་བ་ཚོས་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། དེའི་སྐོར་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་ཡིན་པ་དང། ཁོང་གིས་བོད་དོན་ཐད་གཅིག་སྒྲིལ་དགོས་པ་བཤད་ཀྱི་ཡོད་པ་ལས་ལྟ་བ་དང་ལང་ཕྱོགས་གཅིག་འགྱུར་དགོས་པ་བཤད་ཀྱི་མེད་པ། བཙན་བྱོལ་བོད་ཀྱི་མང་གཙོ་དེ་གླིང་ཕྲན་བདུན་ལ་ཁྱབ་པའི་མང་གཙོ་ཡིན་པ། མང་གཙོ་དེའི་ནང་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ལ་བསམ་ཤེས་དང་ངོས་ལེན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང།
ཁོང་གིས་གསུང་བཤད་གྲུབ་རྗེས་ཚོགས་བཅར་བ་ཞིག་གིས་བོད་ཀྱི་མང་གཙོའི་ནང་རང་བཙན་འཐབ་རྩོད་པ་རྣམས་ལ་དབྱེ་འབྱེད་དང་སྡང་ཟུག་བྱེད་པ་མ་ཟད། སྔོན་འགྲོའི་འོས་བསྡུའི་དུས་ལ་སྲིད་སྐྱོང་འོས་མི་རང་བཙན་རྩོད་མཁན་དེ་ལ་སྐྱོན་བརྗོད་དང་མིང་ཤས་བཟོས་པ་སོགས་བྱུང་ཡོད་པ་དེར། བོད་མིའི་སྒྲིག་འཛུགས་ཀྱིས་གང་ཡང་བྱེད་ཀྱི་མེད་ཁར། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལྟར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་འདྲ་བོ་འདུག་པས། ཁོང་གིས་གསུངས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ཡག་རབས་དང་མི་མཐུན་པས། དེའི་སྐོར་ལ་བསམ་ཚུལ་གང་ཡོད་མེད་སྐོར་དྲིས་པར།
སྲིད་སྐྱོང་བློ་བཟང་སེང་གེས། བོད་མིའི་སྒྲིག་འཛུགས་ཀྱིས་མི་སུས་རང་ཉིད་ཀྱི་བསམ་ཚུལ་བཤད་པར་སེམས་ཤུགས་གཅོག་གི་མེད་པ་དང། སྤྱི་ཚོགས་ནང་སྐྱོན་བརྗོད་བྱེད་ཡུལ་ནི་རང་བཙན་འཐབ་རྩོད་པ་གཅིག་པུ་མ་ཡིན་ཁར། ཁོང་རང་ལ་ཡང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པས་དེ་ནི་མང་གཙོའི་རང་བཞིན་ཡིན་པ། འཛམ་གླིང་ཡུལ་གྲུ་ཁག་གི་ནང་སྨྲ་བརྗོད་རང་དབང་གི་བཅད་མཚམས་འདྲ་མིན་ཡོད་སྐོར་དང། “སྨྲ་བརྗོད་རང་དབང་ཟེར་བ་དེ་ག་རེ་བསམ་བསམ་བཤད་རྒྱུ་ཡོད་པ་ལ་ཟེར་གྱི་མེད། ང་རང་སྒེར་ལ་ཆ་བཞག་ན། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་དེ་སྨྲ་བརྗོད་རང་དབང་ནང་བཞག་མི་རུང་བ་དང་བོད་མི་སུ་གང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མི་རུང་བར་ཡིད་ཆེས་བྱེད་ཀྱི་ཡོད་རུང། ངས་དེ་ལྟར་བཟོ་དགོས་པར་སྤྱི་མང་ལ་བཙན་སྐུལ་བྱེད་ཀྱི་མེད། གང་ཡིན་ཟེར་ན་བོད་མིའི་སྒྲིག་འཛུགས་ཀྱིས་ལངས་ཕྱོགས་དང་ལྟ་བ་འདྲ་མིན་ལ་ངོས་ལེན་དང་བརྩི་བཀུར་བྱེད་ཀྱི་ཡོད།”ཅེས་ལན་འདེབས་གནང་སོང།
མཛད་སྒོའི་རྗེས་ལ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་བོད་མི་མང་སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་གསར་འགོད་པ་ཚོར། ཚོགས་ཆེན་དེའི་དགོས་དམིགས་སྐོར་འགྲེལ་བརྗོད་གནང་དོན། ཐེངས་འདིའི་ཚོགས་ཆེན་ཐོག་ལ་འདས་པའི་ཟླ་བ་བཅོ་བརྒྱད་རིང་གླིང་ཕྲན་ཨེ་ཤི་ཡའི་ནང་བོད་དོན་འཐབ་རྩོད་ཐད། ཚགས་ཚུད་གང་བྱུང་ཡོད་མེད་སྐོར་གྲོས་བསྡུར་བྱེད་རྒྱུ་དང། ད་ལྟའི་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པ་མི་འདྲ་བ་ཆེ་ཆུང་ཁག་༡༩༢ ཡོད་པ་ཚོར་ལྟ་བ་ལངས་ཕྱོགས་མ་འདྲ་བ་ཡོད་ཀྱང་ཚང་མའི་ནུས་པ་མཉམ་དུ་སྤུངས་ཐབས་བྱས་ཏེ། གཙོ་བོ་བོད་ནང་གི་དཀའ་ངལ་སེལ་ཐབས་དང་རྒྱལ་སྤྱིའི་སྟེང་བོད་དོན་དྲིལ་བསྒྲགས་སྤེལ་དགོས་པ། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ནན་པོ་ཞིག་རག་ཐུབ་པའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་ཁར། ཐེངས་འདིའི་ཚོགས་ཆེན་ཐོག་གནད་དོན་བཞིའི་ཐོག་ལ་ཨེ་ཤི་ཡའི་ནང་ལས་འཆར་ཞིག་གྲ་སྒྲིག་བྱེད་རྒྱུ་ཡིན་པས། དང་པོར་བོད་ནང་གི་ཆབ་སྲིད་བཙོན་པ་ཀློད་གྲོལ་ཐུབ་ཐབས། གཉིས་པ་པཎ་ཆེན་རིན་པོ་ཆེའི་སྐོར་ལ་ལས་འགུལ་སྤེལ་རྒྱུ། གསུམ་པ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན། བཞི་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་གྲོས་ཚོགས་ཁག་ལས་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་སོགས་ཀྱི་སྐོར་ལ་གྲོས་མོལ་དང་དཔྱད་ཞིབ་བྱས་ཏེ། ཚོགས་ཆེན་རྗེས་མ་དེ་མ་འཚོག་སྔོན་ལ་ལས་འཆར་དེ་དག་ལག་ལེན་བསྟར་ཐབས་བྱེད་རྒྱུ་ཡིན་སྐོར་གསུངས་སོང།
དེ་བཞིན་ཚོགས་ཆེན་ཐོག་ལོ་འདིའི་གསུམ་བཅུའི་དུས་དྲན་སྐབས། ནེའུ་ཡོག་དང་དྷ་ས་ལ་རང་བཙན་འཐབ་རྩོད་པ་དང་དབུ་མ་རྒྱབ་སྐྱོར་བའི་བར་ལ་བྱུང་བའི་རྩོད་རྙོག་སྐོར་བསྐྱར་ཞིབ་དང་གྲོས་མོལ་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།