རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་འཚོག་འཆར།
ཟླ་འདིའི་ཕྱི་ཚེས་༢ ཉིན་དྷ་ས་མེག་གྷན་(Club House) ནང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་དབུས་གོ་སྒྲིག་ཚོགས་པས་གསར་འགོད་ལྷན་ཚོགས་བསྐོངས་ནས། འདི་ལོའི་ཕྱི་ཟླ་༥ པའི་ཕྱི་ཚེས་༢༦ ནས་ཉིན་༦ རིང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་།
དེ་ཡང་ཐོག་མར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་གོ་སྒྲིག་ཚོགས་མིས་གསལ་འགོད་གསལ་བསྒྲགས་བྱས་སྐབས་དབུ་མའི་ལམ་སྲིད་ཇུས་ཀྱི་བྱུང་རིམ་སྙིང་བསྡུས་དང་སྦྲགས། ཚོགས་ཆེན་འཚོག་པའི་དགོས་དམིགས་ཀྱི་སྐོར་ལ་བརྗོད་དོན་དུ་“ཛ་དྲག་གནད་དོན་ཞིག་ལ་བོད་རིགས་གཞོན་སྐྱེས་མང་དག་ཅིག་གཙོས་མང་ཚོགས་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པ་དང་། དོར་ཐབས་མེད་པའི་དགོངས་གཞི་བོད་ཆོལ་ཁ་གསུམ་སྐྱིད་སྡུག་མཉམ་མྱོང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་ལས་ལྷག་པ་གཞན་ཞིག་མེད་པ་གསལ་པོ་མ་མཁྱེན་པའི་དཀའ་ངལ་ཡོད་བཞིན་པ་ནི། ཆེས་ཛ་དྲག་གི་གནས་ཚུལ་ཞིག་ཡིན་སྟབས། དབུ་མའི་ལམ་གྱི་གོ་རྟོགས་གསལ་སྤྲོད་ཀྱིས་སྔར་ལྷག་ངེས་ཤེས་རྙེད་ཐབས་དང་། རྒྱལ་སྤྱིའི་སྟེང་དུའང་དབུ་མའི་ལམ་ལ་རྒྱབ་སྐྱོར་སྔར་ལྷག་འབྱུང་ཐབས་སོགས་ཀྱི་ཆེད་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་རྡ་སར་འཚོག་གཏན་འཁེལ་ཡོད།” ཅེས་དང་།
“ད་བར་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡིན་ལུགས་གསུང་པ་ལས་དོན་དངོས་སུ་མང་ཚོགས་ནས་འགན་འཁུར་བའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་ལས་འགུལ་སོགས་སྤེལ་མ་ཐུབ་པའི་རྐྱེན་གྱིས་བོད་རིགས་གཞོན་སྐྱེས་གཙོས་མང་ཚོགས་ནང་དབུ་མའི་ལམ་ལ་ལས་འགུལ་སྤེལ་རྒྱུ་སོགས་མེད་པ་ལྟ་བུའི་བསམ་ཚུལ་གྱི་བག་ཆགས་ཆེན་པོ་ཡོད་པ་དང་། འགའ་ཤས་ནས་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ཀྱང་། མང་ཚོགས་ནས་འགན་འཁུར་ཞུ་ཕྱོགས་མ་ཤེས་པ་ལྟ་བུའི་དཀའ་ངལ་རིགས་སེལ་ཆེད་དུ་ཡིན་”ཞེས་བརྗོད་སོང་། དེ་བཞིན་“རྒྱ་ནག་གཞུང་ནས་ཀྱང་རྒྱ་ནག་སྐམ་ས་ཆེན་པོར་དོན་དམ་གྱི་ཞི་བདེ་ལྷིང་འཇགས་དང་། ཆིག་སྒྲིལ། རྒྱ་ནག་རྒྱལ་སྤྱིའི་ནང་ཆེ་མཐོང་ལྡན་པའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་དོན་དངོས་ཀྱི་གནས་འདོད་ཡོད་པ་ན། དེ་ནི་དབུ་མའི་ལམ་ལས་ལྷག་པ་མེད་”ཅེས་ཀྱང་བརྗོད་སོང་།
མཇུག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས ཚོགས་ཆེན་ཐོག་ཚོགས་བཅར་བ་༣༠༠ ནས་༤༠༠ བར་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཚོགས་ཞུགས་པའི་ནང་རྒྱ་མིའི་མཁས་དབང་རྣམས་མཉམ་ཞུགས་ཡོང་ཐབས་བྱེད་བཞིན་ཡོད་པ། དེ་བཞིན་ཚོགས་འདུའི་གྲོས་གཞི་ད་ལྟ་གཏན་འབེབས་བྱས་ཚར་མེད་སྐོར་བཅས་བརྗོད་སོང་།
༢༠༡༧ ལོའི་ཕྱི་ཟླ་༡༢ པའི་ཚེས་༡༥ ཉིན་བོད་རང་བཙན་དོན་གཉེེར་བ་ཁག་ཅིག་གི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་༥ པ་༢༠༡༨ ལོའི་ཕྱི་ཟླ་༥ ཚེས་༢༣ ཉིན་ཏེ། རྒྱ་ནག་གི་བཙན་འོག་ནས་རྒྱ་བོད་བར་གྲོས་མཐུན་དོན་ཚན་འཇོག་ཉིན་དང་སྟབས་བསྟུན། ཉིན་གསུམ་རིང་འཚོག་འཆར་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་དེ་དྷ་ས་དང་ལྡི་ལི། ནིའུ་ཡོག ཧྥ་རིན་སི་བཅས་སུ་རིམ་པས་འཚོགས་ཡོད་པ་དང་། གོ་སྒྲིག་པ་བོད་རང་བཙན་དོན་གཉེར་བ་སྒེར་བ་ཁག་ཡིན་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།