རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་དེ་གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་འདུག

སྤྱི་ནོར་ ༸ གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་དང་། ཐེ་ལན་ཌི་ཝཊ་པ་དགོན་པ་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་དེ། ཕྱི་ཟླ་༡༢ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་ཐེ་ལན་ཌི་ཝཊ་པ་དགོན་པར་འཚོག་བཞིན་འདུག་པ་དང་། ཐེངས་འདིར་བོད་པ་དང་ཐེ་ལན་ཌི། ཐའེ་ཝན་དང་ཤྲི་ལངྐ་། དེ་བཞིན་བྷར་མ་དང་ཉི་འོང་སོགས་ནང་པའི་རྒྱལ་ཁབ་ཁག་ནས་མཁན་པོ་དང་དགེ་འདུན་པ་མང་པོ་མཉམ་བཞུགས་གནང་འདུག འདུལ་བའི་བགྲོ་གླེང་དེ་བཞིན་༧གོང་ས་མཆོག་གིས་ཆོས་ལུགས་ནང་ཕན་ཚུན་དང་ནང་པ་ནང་ཁུལ་བཅས་མཐུན་སྒྲིལ་ཡོང་བའི་བཀའ་སློབ་ལམ་སྟོན་མང་དུ་གནང་ཡོད་པ་བཞིན། དགོངས་གཞི་དེར་གཞིར་བཞག་སྟེ་སེར་བྱེས་མཁས་སྙན་གྲྭ་ཚང་ནས་༢༠༡༤ ལོར་དབུ་འཛུགས་གནང་ཞིང་། ད་བར་གོ་སྒྲིག་གནང་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་འདུག་པ་དང་། དགེ་འདུན་པ་མང་པོ་ཞིག་ཕྱོགས་མཐའ་ཁག་ནས་ཕེབས་ཀྱི་ཡོད་པས་ཐེངས་ལྔ་པ་འདི་ཉིད་ཆེད་དུ་གནས་མཆོག་རྡོ་རྗེ་གདན་དུ་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཐེངས་འདིའི་མཛད་སྒོའི་ཐོག་སེར་བྱེས་མཁན་རིན་པོ་ཆེ་དང་། ཐེ་ལན་ཌིའི་ཝཊ་དགོན་པའི་མཁན་པོ། ཐའེ་ཝན་ཀྲེན་ཆུང་ཤིང་དགོན་པའི་མཁན་རིན་པོ་ཆེ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ། སེར་བྱེས་ཕྱག་མཛོད་སོགས་ནས་བགྲོ་གླེང་འདིའི་དམིགས་ཡུལ་དང་དགེ་མཚན་སོགས་ཀྱི་སྐོར་གསུང་བཤད་གནང་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།