རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་ནང་གི་རྩོམ་པ་པོའི་རང་དབང་སྐོར་ལ་གྲོས་ཆོད་བཞག

ཟླ་འདིའི་ཚེས་༢༤ ཉིན་དྷ་སར་པེན་ བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ༢༠༡༥ ལོའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་༨༡ པའི་ཚོགས་འདུའི་ཐོག བོད་ནང་སྨྲ་བརྗོད་རང་དབང་དང་། རྩོམ་པ་པོའི་གནས་སྟངས་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་སྐོར་བསྒྲགས་སོང་།

145gyt
སྨན་ཤར་བློ་གྲོས་དང་ཨ་རིག་དགེ་མཐོང་།

དེ་ཡང་འདི་ལོའི་ཕྱི་ཟླ་༡༠ ཚེས་༡༣ ནས་༡༦ བར་ཁེ་ན་ཌའི་ཁུ་བེཀ་གྲོང་ཁྱེར་དུ་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་༨༡ པ་དེ་འཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་པེན་ བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་དང་། ཚོགས་མི་སྨན་ཤར་བློ་གྲོས་གཉིས་ཚོགས་ཞུགས་བྱས་ཏེ། ཚོགས་ཆེན་ཐོག་བོད་ནང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་རྩོམ་པ་པོའི་གནས་སྟངས་སྐོར་ལ་རྟོག་ཞིབ་དང་རྒྱབ་སྐྱོར་དགོས་སྐོར་གྱི་གྲོས་ཆོད་ཅིག་བཞག་ཡོད་པ་རེད། གྲོས་ཆོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་གྲོས་འཆར་བཏོན་ཞིང་། དབྱིན་ཇིའི་པེན་མཐུན་ཚོགས། ཕྱི་སྡོད་རྒྱ་རིགས་པེན་མཐུན་ཚོགས། སཱིར་ནེའི་པེན་མཐུན་ཚོགས་བཅས་ནས་རྒྱབ་སྐྱོར་བྱས་ཡོད་པ་དང་། བལ་ཡུལ་གྱི་སྐུ་ཚབ་ཀྱིས་དགག་བྱ་དང་རྒྱབ་སྐྱོར་གཉིས་ཀ་མ་བྱས་པར་བར་གནས་བྱས་ཡོད་པ་ལས། དེ་མིན་གྱི་སྐུ་ཚབ་ཚང་མས་རྒྱབ་སྐྱོར་བྱས་ཏེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་བྱེད་ཐུབ་ཡོད་པ་རེད།

གྲོས་ཆོད་ནང་རྒྱ་ནག་གི་བཙན་འོག་ནས་བོད་ལ་སྨྲ་བརྗོད་རང་དབང་དང་རྩོམ་སྒྲིག་རང་དབང་མེད་སྐོར་འཁོད་ཡོད་པ་དང་། ༡ དཀོན་མཆོག་ཚེ་འཕེལ་གྱིས་གཙོས་པའི་ཞི་བའི་ལམ་ནས་སོ་སོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་བཙོན་བཅུག་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་བོད་མི་གཞན་ཡོངས་འཕྲལ་དུ་གློད་གྲོལ་གཏོང་དགོས།

༢ བཙན་ཁྲིད་བཀག་ཉར་བྱས་པའི་བོད་ཀྱི་རྩོམ་པ་པོ་ལ་ཉེས་རྡུང་སོགས་སྡུག་སྦྱོང་མནར་གཅོད་གཏོང་མཚམས་འཇོག་དགོས།
༣ བོད་ནང་བསམ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།
༤ བོད་ནང་སྤྱི་ཚོགས་འབྲེལ་ལམ་དང་སློབ་ཁྲིད་ཆེད་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་ཆོག་པའི་དམ་དྲག་ཕྱིར་འཐེན་བྱེད་དགོས།
༥ བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་ཡོང་སླད་ཐབས་ལམ་གང་འོས་སྤེལ་དགོས་པ་ཞེས་དོན་ཚན་བཞི་འཁོད་ཡོད་པ་རེད།

ཚོགས་ཆེན་དེའི་ཐོག་རྒྱལ་སྤྱིའི་ཐོག་ནས་རྩོམ་པ་པོའི་མཐུན་ཚོགས་མ་འདྲ་བ་༨༤ མཉམ་ཞུགས་བྱས་ཡོད་པ་དང་། དེའི་ནང་ཚོགས་མི་བསྡོམས་པའི་༢༧༠ ཚོགས་ཞགས་བྱས་ཡོད་འདུག
སྨན་ཤར་བློ་གྲོས་ཀྱིས་ལོ་སྔོན་མར་རྒྱ་ནག་གི་སྐུ་ཚབ་མཉམ་ཞུགས་བྱས་ཏེ། བོད་ནང་གི་གནས་སྟངས་ཡག་པོ་ཡོད་སྐོར་བཤད་ཀྱི་འདུག་ཀྱང་། འདི་ལོར་རྒྱ་ནག་གཞུང་གི་སྐུ་ཚབ་ཚོགས་ཞུགས་བྱས་མེད་སྐོར་དང་། ཧི་ཀོང་དང་ཐའེ་ཝན། རྒྱ་ནག་གི་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོའི་མཐུན་ཚོགས་མཉམ་ཞུགས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Comments are closed.