རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི།

རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཞོགས་ལྗང་གི་རྩོམ་ཡིག་ཕྱོགས་བསྡུས་རང་དབང་དང་འདྲ་མཉམ་ཞེས་པ་དབུ་འབྱེད་དང་། ཁོང་གཙོས་པའི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཚོར་དྲན་གསོ་བྱས་ཡོད་པ་རེད།

15053246_1316818185029255_1333967318_oཟླ་འདིའི་ཚེས་༡༥ ཉིན་དྷ་ས་མེག་གྷན་ཀིརྟི་དགོན་པའི་ཞི་བདེའི་ཚོགས་ཁང་དུ། རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དང་བསྟུན་ནས་པེན་ཕྱི་སྡོད་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག བོད་ནང་དུ་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་ནང་གི་རྩོམ་པོ་པོར་དྲན་གསོ་སྲུང་བརྩི་བྱས་ཡོད་པ་རེད། དེ་གར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་དང་། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཟུར་པ་དང་ཚིག་མཛོད་མཁས་པ་ཀརྨ་སྨོན་ལམ་གཉིས་གཙོས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་རྒྱུན་ལས་དང་ཚོགས་མི། མཐོ་སློབ་སློབ་ཕྲུག དོ་སྣང་ཅན་གྱི་མི་མང་བཅས་མཉམ་ཞུགས་བྱས་སོང་།

མཛད་སྒོའི་ཐོག་མར་བཙན་བྱོལ་བོད་མིའི་གཞོན་སྐྱེས་རྩོམ་པ་པོ་གསུམ་གྱིས་བོད་ནང་རྩོམ་པ་པོ་ཐེའུ་རང་གི་སྙན་ངག་གཉིས་དང་འཇུ་སྐལ་བཟང་གི་སྙན་ངག་གཅིག་བཅས་གྱེར་འདོན་བྱས་པ་དང་། དེ་རྗེས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྙན་ངག་མཁན་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་གྱིས། དེ་རིང་ནི་སྤྱིར་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་དང་ཉིང་དགོས་སུ་རྒྱལ་ཁབ་ཞིག་ཆག་འཇིག་དང་མི་རིགས་ཤིག་གི་ཉམས་རྒུད་སོགས་དྲང་བདེན་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་སྙན་ངག་དང་སྒྲུང་གཏམ། འབོལ་རྩོམ་དང་རྟོག་སྒྲུང་། དཔྱད་བརྗོད་བཅས་ཀྱི་ལམ་ནས་ཇི་བཞིན་དུ་སྤེལ་མཁན་ཏེ་འཇིགས་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་སྤོབས་པ་བླ་ལྷག་ཏུ་མཐོ་བའི་རླབས་ཆེན་གྱི་རྩོམ་པ་པོ་རྣམས་ལ་ཆབ་སྲིད་དང་འབྲེལ་བའི་སྲིད་དབང་སྒེར་གཅོད་དང་ཆོས་ལུགས་དང་img_0031འབྲེལ་བའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་དག་གིས། གནའ་ནས་ད་བར་དུ་སྡུག་སྦྱོང་དང་མནར་གཅོད་བཏང་དང་གཏོང་བཞིན་པ་དག་ལ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་སྤེལ་བའི་འཛམ་གླིང་རང་བཞིན་ཅན་གྱི་ཉིན་མོ་ཞིག་ཡིན་སྟབས། ང་ཚོས་དེ་རིང་ནས་མིའི་རིགས་ཀྱི་རླབས་ཆེ་བའི་མགྲིན་ཚབ་པ་འདི་དག་གི་ཆེད་དུ། ཚོར་འདུས་ཀྱི་གོང་བུར་གྱུར་བའི་སྙན་ངག་པ་འདི་དག་གི་སླད་དུ། ན་ཟུག་གི་གཏིང་རུམ་བསྔོགས་པའི་སྨྱུག་ཐོག་པ་འདི་དག་གི་དོན་དུ། རྣམ་དཔྱོད་ཀྱི་ཕ་མཐའ་ཡས་པའི་བསམ་བློ་བ་འདི་དག་གི་ཚབ་ཏུ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཆེས་མ་མཐའི་བརྩི་མཐོང་གི་ས་མཚམས་ཏེ་ནང་བསམ་བློའི་ཕྱི་ཤུན་ལྟ་བུར་གྱུར་བའི་སྨྲ་བརྗོད་རང་དབང་ལ་འགལ་རྐྱེན་དང་བཀག་འགོག་བྱེད་པའི་ཆེས་གདུག་རྩུབ་ཅན་གྱི་སྤྱོད་ངན་འདི་དག་ལ་ལྕགས་པུར་སྙིང་ལ་གདབས་པ་ལྟ་བུའི་ན་ཟུག་དང་བཅས་དུས་དང་རྣམ་པ་ཐམས་ཅད་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། དེ་རིང་ང་ཚོ་འདི་ལྟར་འཛོམས་དགོས་དོན་ཡང་། དྲང་བདེན་དང་རང་དབང་ལ་དགའ་བའི་ཤོག་སྨྱུག་གིས་བཤགས་བཅོས་བྱེད་མཁན་གྱི་ལྷ་རྗེ་སྨྱུག་ཐོག་པ་སྟེ་ངན་རྟོག་འབུར་འཇོམས་བྱེད་མཁན་དག་ལ་རྒྱབ་སྐྱོར་དང་། དམུ་རྒོད་ཀྱི་བསམ་བློ་དང་བཙན་གནོན་གྱི་དབང་ཤུགས་ལ་བརྟེན་ནས་གཞན་གྱི་ཐོབ་ཐང་གང་ཡིན་ཐམས་ཅད་ལ་འཕོང་ཕྱིས་ཀྱི་རྡོ་ལྟར་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཆབ་སྲིད་དང་ཆོས་ལུགས། དཔལ་འབྱོར་སོགས་ལ་ངོ་རྒོལ་བྱེད་པའི་རྩོམ་པ་པོ་མཐུན་ཚོགས་འདིའི་རྒྱབ་རྩར་སྐུ་མགྲོན་ཁྱེད་རང་ཚོ་ཡང་ལངས་པ་ཡིན་པས། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་ལྟ་སྨྲ་བརྗོད་དང་རྩོམ་འབྲི་རང་དབང་གི་ཆེད་དུ་དམར་བོའི་བཙོན་འོག་ཏུ་སྡུག་གཅོང་མྱངས་དང་མྱོང་བཞིན་པའི་རྩོམ་པ་པོ་ཞོགས་ལྗང་སོགས་གཙོ་བྱས་པའི་མིའི་རིགས་ཀྱི་མགྲིན་ཚབ་པ་འདི་དག་མྱུར་དུ་གློད་གྲོལ་ཡོང་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

དེ་རྗེས་པེན་གྱི་རྒྱུན་ལས་ཟུར་པ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁང་གིས་སློབ་དཔོན་མེ་འོད་ཀྱིས། ཞོགས་ལྗང་དང་ཁོང་གི་བརྩམས་ཆོས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་དོན། ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་གི་ཐོབ་ཐང་། སྐད་ཡིག་གི་ཐོབ་ཐང་། ཆོས་ལུགས་དད་མོའི་དང་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་རང་དབང་དང་ཐོབ་ཐང་གི་ཆེད་དུ་རྩོམ་འབྲི་གནང་བའི་རླབས་ཆེན་རྩོམ་པ་པོ་མང་པོ་ཞིག་འཛིན་བཟུང་དང་བཙོན་འཇུག་མནར་བཅོད་བཏང་བ་འཇིག་རྟེན་ལ་གསང་མི་ཐུབ་པའི་གནས་ཚུལ་ཛ་དྲག་ཅིག་ཆགས་ཡོད་སྐོར་བརྗོད་ནས། བོད་ནང་དུ་རྒྱའི་བཙོན་འོག་ཏུ་ཚུད་མྱོང་བ་དང་ད་ལྟའང་ཡོད་པའི་རྩོམ་པ་པོ་མང་པོ་ཞིག་གི་མིང་དང་དེ་དག་གི་བརྩམས་པའི་དེབ་ཀྱི་མིང་བསྒྲོགས་སྦྱང་བྱས་སོང་།

ཁོང་གིས་རྩོམ་པ་པོ་ཞོགས་ལྗང་གི་ལོ་རྒྱུས་དང་ཁོང་གི་བརྩམས་ཆོས་ཁག་གི་སྐོར་ལ་ངོ་སྤྲོད་བྱས་རྗེས། “རྩོམ་པ་པོ་ཞོགས་ལྗང་ནི་དངོས་ཡོད་གནས་ཚུལ་ཞིབ་ཀྱིས་མཐོང་བའི་ཤེས་རབ་ཀྱི་འོད་སྣང་ཅན་དང་། བདེན་པ་བདེན་པར་བརྗོད་ཐུབ་པའི་དཔའ་དང་སྤོབས་པ་ཅན། གང་མཐོང་ཞིང་བརྗོད་འདོད་པ་སྨྱུ་གུའི་སྟོབས་དང་རྩལ་ལ་བརྟེན་ནས་ས་ཆེན་པོ་སྒུལ་ཐུབ་པའི་རླབས་ཆེན་གྱི་བོད་མི་རུས་པ་ཅན་ཞིག་རེད། ཁོང་གི་བརྩམས་ཆོས་གང་ཡིན་ཡང་ཁོང་རང་ཉིད་ཀྱིས་དངོས་སུ་མཐོང་བའི་བདེན་པ་དང་གནས་ཚུལ་བརྗོད་བྱ་བྱས་ནས་ཡུལ་དངོས་རང་ནས་བྲིས་ཤིང་། འབྲི་ཚུལ་དེ་ཡང་འབོལ་རྩོམ་དང་ལྷུག་པ། ཉིན་ཐོ་དང་འཕྲིན་ཡིག་གི་ལམ་ནས་བྲིས་ཤིང་། ཚིག་དང་ཐ་སྙད་ཀྱི་སྦྱོར་བ་ལ་རྣོ་ངར་ལྡན་ཞིང་། ཚིག་དང་ཚིག་གི་ནང་ངོས་ན་སྟོབས་དང་ཤུགས་ལྡན་པ་བཅས་ཀྱིས་ཀློག་མཁན་ཁྲི་སྟོང་མང་པོ་སེམས་སྒུལ་ཅིང་སྙིང་ལྡིང་བར་བྱས་ཡོད། ཁོང་ནི་དོན་དམ་པར་མིའི་རིགས་ཀྱི་རང་དབང་དང་ཐོབ་ཐང་འཐབ་རྩོད་པ་ཞིག་དང་། ཁོང་ལྟ་བུ་ཡོད་པས་འཇིག་རྟེན་ན་རྩོམ་རིག་གི་མཐུ་དང་སྟོབས། ནུས་པའི་གཟི་བརྗིད་ཉི་ཟླའི་འོད་དང་འགྲོགས་ནས་ཡོད།”ཅེས་བརྗོད་སོང་།

 

པེན་ཕྱི་སྡོད་བོད་ཀྱི་རྩོམ་པོའི་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་མཉམ་དུ་དཔར་འགྲེམས་བྱས་པའི་བོད་ཡིག་དང་དབྱིན་ཡིག་གཉིས་ལྡན་གྱི་ཞོགས་ལྗང་གི་རྩོམ་ཡིག་ཕྱོགས་བསྡུས་ཀྱི་དེབ་རང་དབང་དང་འདྲ་མཉམ་ཞེས་པ་དེ་སྐུ་མགྲོན་གཙོ་བོ་གཉིས་ཀྱིས་དབུ་འབྱེད་བྱས་སོང་། དེབ་དེའི་ནང་ཞོགས་ལྗང་གི་རྩོམ་ཡིག་༡༣ འདུག

དེ་རྗེས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་བོད་ཀྱི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ཡིན་པས། རྒྱལ་སྤྱིའི་སྡིང་ཆ་དང་རྒྱ་ནག་ནང་ཏུ་མིའི་བསམ་བློ་འགྱུར་བ་བཏང་བར། རྩོམ་ཡིག་ནི་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཟུར་པ་དང་ཚིག་མཛོད་མཁས་པ་ཀརྨ་སྨོན་ལམ་གྱིས། ད་ལྟའི་ཆར་བོད་ནང་དུ་རྒྱའི་བཙོན་འོག་ཏུ་ཡོད་མཁན་བོད་ཀྱི་རྩོམ་པ་པོ་མང་པོ་དང་། བཙོན་གྲོལ་ཐོབ་མཁན་ཉུང་བ་ཡིན་པ། དེ་བཞིན་མ་འོངས་པར་བཙོན་འོག་ཏུ་འགྲོ་སྲིད་པའི་རྩོམ་པ་པོ་མང་པོ་ཡོད་སྐོར་བརྗོད་ནས། རང་ཉིད་ལ་འབོད་སྐུལ་ཞིག་ཡོད་པ་དང་འབྲེལ་ནས་བརྗོད་དོན། རྩོམ་པ་པོ་ཚོས་བརྩམས་ཆོས་གང་ཞིག་བརྩམས་ཀྱང་མ་འོངས་པའི་མི་རབས་ཚོས་གོ་རྟོགས་བྱེད་ཐུབ་པ་ཞིག་བརྩམས་རྒྱུ་དང་། དེ་བཞིན་མཁས་པའི་དཀྱིལ་འཁོར་ལས་མར་བབ་ནས་ཕྲུ་གུ་ཆུང་ཆུང་ལ་དམིགས་ནས་རྩོམ་སོགས་འབྲི་ཐུབ་ན། ལེགས་སྐྱེས་ཆེན་པོ་ཞིག་ཡིན་པ། དེབ་ག་རེ་བརྩམས་ཀྱང་མ་འོངས་པའི་མི་རབས་ལ་ཕན་གྱི་ཡོད་མེད་བལྟ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

ཉིན་དེར་རྒྱལ་སྤྱིའི་ས་གནས་མང་པོ་ཞིག་ལ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོའི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།