རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས། 

རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་དབུ་འཛུགས་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སཱམ་བྷི་རོན་བྷེ་གི(Samuel Dale Brownback) ཡིས་རྒྱ་ནག་གཞུང་ལ་མི་སྒེར་གྱི་ཐོབ་ཐང་དང་རང་དབང་དུས་རྟག་དང་གནས་ཐམས་ཅད་དུ་བརྩི་སྲུང་དགོས་པ་དང་། བོད་མིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་སྐོར་གསུངས་སོང་། 

ཕྱི་ཟླ་༡༠ ཚེས་༢༨ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པའི་ནང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༦༠ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུར་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་(ཕྱི་ཟླ་ ༡༠ ཚེས་ ༢༨-ཚེས་ ༣༠ བར་ཉིན་གསུམ་རེད།)དབུ་འབྱེད་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་་སཱམ་བྷི་རོན་བྷེ་གི(Samuel Dale Brownback)དང་ཕྱག་རོགས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་པ་དང་ཚོགས་བཅར་བ། གཞན་ཡང་བོད་ཀྱི་ཟློས་གར་ཁང་གི་ལས་བྱེད་ཟུར་པ། མི་མང་བཅས་འཛོམས་འདུག  

དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེས་ཐོག་མར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་སྐུ་ངལ་ཚད་མེད་བསྐྱོན་ནས་ཆེད་དུ་དྷ་སར་ཕེབས་པ་དང་། ཨ་རིའི་གཞུང་ནས་བོད་ལ་ཕྱོགས་གང་ཐད་ནས་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་རྗེས། ལོ་ངོ་དྲུག་ཅུའི་ཡར་སྔོན་དུ་༧རྒྱལ་བ་རིན་པོ་ཆེས་སྒྱུ་རྩལ་བ་ཉི་ཤུ་ལྷག་ལ་རྒྱལ་ཁབ་ཤོར་ཡང་སེམས་ཤུགས་མ་ཆག་པར་འབད་བརྩོན་བྱས་ན། ལེགས་གྲུབ་ཡོང་བའི་བཀའ་སློབ་གནང་བ་ཇི་བཞིན་ཁོང་ཚོས་བོད་ཀྱི་ཟློས་གར་ཚོགས་པ་དབུ་འཛུགས་གནང་ནས་ད་ལྟ་འཛམ་གླིང་ནང་སྙན་གྲགས་ཅན་ཞིག་ཆགས་ཡོད་པ་དང་། བགྲོ་གླེང་ཚོགས་ཆེན་ཆེས་ཐོག་མ་འདིའི་ཐོག་རྒྱལ་སྤྱིའི་མཁས་པ་༡༨ དང་། བོད་ཀྱི་མཁས་པ་༦ ཕེབས་ནས་བོད་ཀྱི་རིག་གཞུང་སྒྱུ་རྩལ་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། བགྲོ་གླེང་ཚར་རྗེས་ཆེད་དེབ་ཀྱང་འདོན་རྒྱུ་ཡིན་པའི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་སོང་། 

བོད་ཀྱི་ཆབ་སྲིད་དང་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ། ཁོང་གིས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས། ཐོག་མའི་དམིགས་ཡུལ་དང་ལས་འཆར་དེ་བོད་ཀྱི་ཤེས་རིག་རྩ་མེད་བཟོ་རྒྱུ་དེ་བཞག་སྟེ་དགོན་སྡེའི་བརྒྱ་ཆ་༩༨ ཙམ་གཏོར་བཤིག་བྱས་པ་དང་། གྲྭ་བཙུན་གྱི་བརྒྱ་ཆ་༩༩ ཙམ་གྱི་སྡོམ་པ་འདོར་དུ་བཅུག་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བའི་བྱ་སྤྱོད་བརྩམས་དང་རྩོམ་མུས་སུ་ཡོད་པས། ད་ཐེངས་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་འདིར་ཕེབས་པ་དེས་པེ་ཅིང་ལ་ཨ་རིའི་གཞུང་བོད་མི་དང་ལྷན་དུ་ཡོད་པའི་བརྡ་ལན་ཞིག་བཏང་བ་ཡིན་སྐོར་གསུངས་སོང་། 

སྐུ་མགྲོན་གཙོ་བོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སཱམ་བྷི་རོན་བྷེ་གི་ཡི་མཛད་སྒོའི་གསུང་བཤད་ནང་། ཁོང་དེར་“རང་དབང་གླེང་དུ་ཡོང་བ་ཞིག་ཡིན་པ་”དང་། སྲིད་གཞུང་ནི་ཆོས་ལུགས་ཀྱི་སྒྲིག་འཛུགས་ཤིག་མིན་ཡང་། སྲིད་གཞུང་ལ་མི་སྒེར་གྱི་ཆོས་དད་ཐོབ་ཐང་བརྩི་སྲུང་བྱེད་པའི་ལས་འགན་ཡོད་པ་དང་། གལ་སྲིད་ཆོས་ལ་དད་མོས་བྱེད་པའི་ཐོབ་ཐང་མེད་པ་ཡིན་ན། མི་མང་རྣམས་དར་རྒྱས་ཡོང་ཐབས་བྲལ་བ། བོད་ཀྱི་རིག་གཞུང་ནི་འགྲོ་བའི་མིའི་རྩ་ཆེའི་ནོར་མཛོད་ཅིག་ཡིན་པ། བོད་དང་ཨ་རིའི་མཛའ་འབྲེལ་དེ་ལོ་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད་པ། སོག་པོ་དང་། ཝི་ཏྲི་ནམ། ཤཱི་རི་ལིང་གྷ། ཐེ་ལན་ཏྲི་བཅས་ཀྱི་ནང་པ་ཚོས་བོད་ཀྱི་སྤུན་ཟླ་ཚོ་ལ་དཀའ་སྡུག་ཅི་ཞིག་འཕྲད་བཞིན་པར་གཟིགས་དགོས་པའི་འབོད་སྐུལ། དེ་བཞིན་རྒྱ་ནག་གཞུང་ལ་མི་སྒེར་གྱི་ཐོབ་ཐང་དང་རང་དབང་དུས་རྟག་དང་གནས་ཐམས་ཅད་དུ་བརྩི་སྲུང་དགོས་པ། བོད་མིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པ། ༧རྒྱལ་བའི་ཡང་སྲིད་ཐག་གཅོད་བྱེད་རྒྱུའི་བདག་དབང་བོད་མི་ཁོ་ནར་ཡོད་པའི་གྲོས་ཆོད་ལ་ཨ་རིས་མོས་མཐུན་རྒྱབ་སྐྱོར་ཡོད་པ་སོགས་གསུངས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།