རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྦེལ་རྗམ་དུ་འཚོགས་པ།

ཟླ་འདིའི་ཚེས་༨ ནས་ཉིན་༣ རིང་སྦེལ་རྗམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་འཚོགས་བཞིན་ཡོད་པ་དང་། དེར་རྒྱལ་ཁབ་ལྔ་བཅུ་ཙམ་ནས་བོད་དོན་རྒྱབ་སྐྱོར་པ་ཚོགས་ཞུགས་བྱས་ཡོད་པ་རེད།

2016-09-08-belgium-g1དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ༸གོང་ས་མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་(Mr. Thomas Mann) དང་། ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧེན་རི་མ་ལོ་སི་(Mr. Henri Malosse) ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཞོན་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀི་རིསི་ཤ་ཊེན་ཌེན་པེ་རེ་ཌ་(Cristian Dan Preda) ཕི་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་པེའུ་མན་སི་(Jan Peumans, Speaker of the Flemish Parliament)

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ལྷན་འཛོམས་ཀྱིས་ཐོག སྐུ་ཞབས་ཐོ་མ་སི་མན་གྱིས་འཚམས་འདྲིའི་གསུང་བཤད་སྐབས་ཚོགས་འདུ་འདི་ནི་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་ཀྱི་གནད་དོན་ཐོག་གོ་བསྡུར་སྦྱངས་བཤད་བྱེད་སའི་སྡིངས་ཆ་ཡག་ཤོས་ཞིག་དང་། རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས། ཐེངས་འདིའི་ཚོགས་འདུའི་ནང་རྒན་གཞོན་དར་གསུམ་ཚང་འདུག་སྟབས། ཉིན་གསུམ་གྱི་རིང་རྒན་པའི་རྣམ་དཔྱོད་དང་། གཞོན་པའི་སེམས་ངར་མཉམ་སྡེབས་ཀྱི་ཐོག་ནས་ཚོགས་འདུ་དོན་དང་ལྡན་པ་ཞིག་ཡོང་བའི་ཐོག་ནས་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་རྒྱ་ནག་གཞུང་གི་གདུག་རྩུབ་འོག་གནས་པའི་བོད་མིའི་མངོན་འདོད་དང་རེ་བ་སྐོང་ཐུབ་པའི་འདུན་པ་བྱེད་ཀྱི་ཡོད་ཅེས་དང་། ད་ལན་རྒྱལ་ཁབ་ཁག་༥༠ ནས་བཅར་བའི་བོད་དོན་རྒྱབ་སྐྱོར་བ་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་དུས་ལ་བབ་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པ་རེད་ཅེས་གསུངས་པ་དང་། ཁོང་གིས་བོད་ནང་རང་ལུས་མེར་སྲེག་གིས་མཚོན་ཛ་དྲག་གནས་སྟངས་སྤྱིའི་སྐོར་ངོ་སྤྲོད་གནང་བ་མ་ཟད། དབུ་མའི་ལམ་ནི་ཡང་དག་པའི་སྲིད་བྱུས་ཤིག་ཡིན་པ་དང་། ང་ཚོས་སྲིད་བྱུས་འདི་ལམ་ལྷོང་ཡོང་ཐབས་སུ་གོ་བསྡུར་སྦྱངས་བཤད་གནང་དགོས་སྐོར་སོགས་གསུངས་ཡོད་པ་རེད།

དེ་བཞིན་༸གོང་ས་མཆོག་གིས། བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་ལུགས་ཐོག་འགྱུར་ཐབས་གནང་བའི་བརྒྱུད་རིམ་དང་། ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་ཀྱིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ནས་ད་ཆ་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་སྐོར། དེ་བཞིན་བོད་ཀྱི་ཁོར་ཡུག་དང་རིག་གཞུང་ནི་བོད་མི་ཙམ་མ་ཟད། འཛམ་གླིང་སྤྱི་ལ་ཕན་པའི་ནུས་པ་ཡོད་སྟབས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཚང་མས་དེ་དག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་བསྩལ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་འཐབ་རྩོད་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཅིག་ཕམ་གཅིག་རྒྱལ་ལྟ་བུ་མ་ཡིན་པར་གཉིས་སྨན་གྱི་སྲིད་བྱུས་ཞིག་ཡིན་པར་བརྟེན། ཚོགས་བཅར་བ་རྒྱ་རིགས་ཚོའི་ངོས་ནས་རྒྱ་མི་རིགས་ཤེས་ཡོན་ཅན་དང་། མང་ཚོགས་ཁྲོད་གོ་རྟོགས་སྤེལ་དགོས་་སྐོར་དང་། གཞུང་འཕོ་འགྱུར་འགྲོ་རྒྱུ་ཡིན་མོད་ཀྱང་། རྒྱ་ནག་མི་མང་ནི་དུས་རྟག་ཏུ་གནས་རྒྱུ་ཡིན་སྟབས་མང་ཚོགས་ནས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་གནང་བ་དང་། ཚོགས་བཅར་བ་ཚོར་འདི་གར་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཐོག་བཅར་བར་བསྔགས་བརྗོད་གནང་ཡོད་པ་རེད།

ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་འཛམ་གླིང་རྒྱབ་ཁབ་ཁག་ ༥༠ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༥༠ ཚོགས་བཅར་གྱིས་བོད་ཀྱི་ཁོར་ཡུག་དང་། ཆབ་སྲིད་གནས་བབ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་གཏམ་བཤད་དང་གྲོས་བསྡུར་གནང་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།