རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་ཆེན།

འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་གཞིའི་འོག མཆིན་པའི་གཉན་ཚད་བྷི་(B) ཡོད་མཁན་དང་། གཉན་ནད་རེག་དུག་ཡོད་མཁན་དག་ལ་ལས་ཀ་མི་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས། སྒྲིག་གཞི་དེ་འགྱུར་བ་གཏོང་དགོས་པའི་སྐུལ་མ་གནང་སོང།

12443ཟླ་འདིའི་ཚེས་༢༤ ཉིན་དྷ་ས་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་གོ་སྒྲིག་འོག ’བོད་ཀྱི་གསོ་བ་རིག་པའིབདེན་པ་གསལ་འདོན་བྱེད་པ་’ ཞེསཔའིབརྗོད་གཞིའི་ཐོག རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་ཆེན་འགོ་འཛུགས་བྱས་ཡོད་པ་དང། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་དབུ་ཞུགས་ཐོག སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་དང་དགེ་ལས་སློབ་ཕྲུག་རྣམས། བགྲོ་གླེང་ཐོག་གཏམ་བཤད་བྱེད་མཁན་རྣམས། དོ་སྣང་ཅན་དང་སྨན་སློབ་ཀྱི་སློབ་ཕྲུག་ཟུར་པ་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

སྨན་རྩིས་ཁང་གི་འགན་འཛིན་གྱིས་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་མཁན་ཚོར་དགའ་བསུའི་གཏམ་བཤད་དང་འབྲེལ་ནས་གསུང་དོན། སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་སྨན་དང་འབྲེལ་བའི་བགྲོ་གླེང་མང་ཙམ་གོ་སྒྲིག་བྱེད་ཐུབ་ན་ཡག་པོ་ཡོད་པ། དེ་བཞིན་ཉེ་ཆར་རྒྱ་གར་དང་འཛམ་གླིང་གི་རྒྱལ་ཁབ་༡༣༠ ཡིས་སྨན་ནང་དངུལ་ཆུ་བེད་སྤྱོད་མི་བྱེད་པའི་མོས་མཐུན་བྱས་ཡོད་པས། བོད་སྨན་གྱི་སྨན་སྦྱོར་ཐད་དཀའ་ངལ་ཕྲད་སྲིད་པ། བོད་སྨན་དང་རྒྱ་གར་གྱི་སྔོ་སྨན་གྱི་གསོ་ཐབས་(ཨ་ཡུར་ཝེ་དྷེ་)གཉིས་ལོག་ཀ་ཡིན་པ། སྨན་རྩིས་ཁང་ནས་སྨན་གྱི་སྡེ་ཚན་གཞན་པ་དང་ཚན་རིག་སྡེ་ཚན་བཅས་ལ་མཉམ་ལས་བྱེད་པར་འདོད་མོས་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང།

སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་པ་རིན་འཛིན་བཟང་མོས་ཚོགས་ཆེན་གྱི་སྤྱི་ཡོངས་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། བགྲོ་གླེང་འདིའི་ཐོག་གཏམ་བཤད་བྱེད་པར་ཉམས་ཞིབ་ཀྱི་སྙན་ཐོ་༡༦ འབྱོར་ཡོད་པའི་ནང་ནས་༥ བདམས་པ། ཚོགས་ཆེན་དེ་གོ་སྒྲིག་བྱེད་དགོས་དོན་ནི་ཉམས་ཞིབ་བྱེད་མཁན་མང་དུ་འགྲོ་ཆེད་དང། སྡེ་ཚན་འདྲ་མིན་ཁུངས་ནས་རྒྱལ་སྤྱིའི་ཉམས་ཞིབ་པ་མང་པོ་མཉམ་འཛོམས་ཀྱིས་བསམ་ཚུལ་བརྗེ་ལེན་བྱེད་པའི་གོ་སྐབས་སྤྲད་ཆེད། དེ་བཞིན་མ་འོངས་པར་ཉམས་ཞིབ་ཐོག་མཉམ་ལས་ཀྱི་འབྲེལ་ལམ་བསྐྲུན་ཆེད་བཅས་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་སོང།

འཕྲོད་བསྟེན་བཀའ་བློན་གྱིས་གསོ་བོ་རིག་པ་དང་སྨན་རྩིས་ཁང་གི་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལྟ་སྐྱོང་ཐད་ལས་ཀ་མང་པོ་བྱེད་བཞིན་ཡོད་པས། འཕྲོད་བསྟེན་ལས་ཁུངས་ཀྱི་འགན་ཉུང་དུ་གཏོང་གི་ཡོད་པ། བཀའ་ཤག་སྐབས་༡༤ པའི་ལྟ་གྲུབ་གསུམ་པོ་ཚང་བའི་རང་སྐྱོང་སྡེ་ཚན་གཙོ་བོ་ཞིག་ནི་སྨན་རྩིས་ཁང་ཡིན་པ་དང། དེ་བཞིན་མ་འོངས་པར་བོད་སྨན་གྱི་སྨན་པ་ཕྱི་ལུགས་ཀྱི་སྨན་ལ་དོ་སྣང་ཡོད་མཁན་རིགས་ལ་ཕྱི་ལུགས་སྨན་གྱི་སྐོར་ངོ་སྤྲོད་བྱེད་པའི་སྡིངས་ཆ་བསྐྲུན་འཆར་ཡོད་སྐོར་གསུངས་རྗེས། སྨན་རྩིས་ཁང་གི་སྒྲིག་གཞིའི་ནང་མཆིན་པའི་གཉན་ཚད་བྷི་(B) ཡོད་མཁན་དང་གཉན་ནད་རེག་དུག་ཡོད་མཁན་དག་ལ་ལས་ཀ་མི་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་འགྱུར་བ་གཏང་དགོས་པའི་སྐུལ་མ་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།