རྒྱལ་སྤྱིའི་མ་སྐད་ཉིན་མོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༠ ཕྱི་ལོ་ ༢༠༡༩/༢ /༢༧
རྒྱལ་སྤྱིའི་མ་སྐད་ཉིན་མོ་(International Mother Language Day) དེ་ལོ་ལྟར་ཕྱི་ཟླ་༢ ཚེས་༢༡ ཉིན་སྲུང་རྩི་བྱེད་བཞིན་ཡོད་པ་དང་། དེ་ཡང་ཕྱི་ལོ་༡༩༩༩ ལོའི་ཟླ་༡༡ པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་སྡེ་ཚན་གྱིས་ཕྱི་ཟླ་༢ ཚེས་༢༡ ཉིན་དེ་རྒྱལ་སྤྱིའི་མ་སྐད་ཉིན་མོར་གཏན་འཁེལ་ཐག་གཅོད་གནང་བ་བཞིན། ཕྱི་ལོ་༢༠༠༠ ཟླ་༢ ཚེས་༢༡ ནས་བཟུང་ལོ་ལྟར་ཉིན་མོ་འདིར་འཛམ་གླིང་གི་ས་ཆ་མང་པོར་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད། དེང་སྐབས་བོད་ཕྱི་ནང་གཉིས་ནས་དྲ་ལམ་ཁག་སོགས་སུ་ཉིན་མོ་འདི་སྲུང་རྩི་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་པ་ལྟ་བུར་གྱུར་ཡོད་པ་དང་། བོད་པ་ལྟ་བུ་སྐད་ཡིག་རིག་གནས་དེ་མི་རིགས་དང་རིག་གནས་བཙན་རྒྱལ་རིང་ལུགས་པའི་རྒྱལ་ཁབ་ཧམ་ཤེད་ཅན་ཞིག་གི་བཙན་གནོན་འོག་ཏུ་ཚུད་ཡོད་སྟབས། མི་རིགས་གཞན་དང་བསྡུར་ན་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་འབད་བརྩོན་བྱེད་དགོས་པ་ནི། མི་རིགས་གཞན་ཕལ་མོ་ཆེ་གང་དང་ཡང་མི་འདྲ་བར་ཛ་དྲག་པོ་དང་མི་བྱེད་ཀ་མེད་ཅིག་ཏུ་གྱུར་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ཟླ་༢ ཚེས་༢༡ ཉིན་ལོ་ལྟར་རྒྱལ་སྤྱིའི་མ་སྐད་ཉིན་མོར་སྲུང་བརྩི་བྱེད་དགོས་པའི་རྒྱབ་ལྗོངས་ནི། ཕྱི་ལོ་༡༩༥༢ ལོའི་གོང་ཚེས་ཉིན་སྐབས་དེར་པཱ་ཀི་སི་ཐན་གྱི་ཌྷཱ་ཀཱ་ས་གནས་དང་། ད་ལྟའི་ཆར་བྷཱངྒ་ལཱ་དྷེ་ཤི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དེར་སློབ་ཕྲུག་ཚོས་རྒྱལ་ཁབ་ཀྱི་སྐད་ཡིག་གཉིས་ཀྱི་ནང་ཁོང་ཚོའི་མ་སྐད་བྷཱངྒ་ལཱ་ངོས་འཛིན་དགོས་པའི་ཞི་བའི་ངོ་རྒོལ་བྱས་པར། སྐབས་དེར་པཱ་ཀི་སི་ཐན་གཞུང་གིས་ངོས་ལེན་མ་བྱས་པ་མ་ཟད། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་སློབ་ཕྲུག་བཞི་བསད་པ་རེད། འོན་ཀྱང་ཕྱི་ལོ་༡༩༥༦ ལོར་པཱ་ཀི་སི་ཐན་གཞུང་ནས་ཤར་པཱ་ཀི་སི་ཐན་གྱི་མ་སྐད་བྷཱངྒ་ལཱ་དེ་ཉིད་རྒྱལ་ཁབ་ཀྱི་སྐད་ཡིག་ཅིག་ཏུ་ངོས་འཛིན་བྱས་པར་བརྟེན། ཕྱི་ཟླ་༢ ཚེས་༢༡ ཉིན་དེ་རྗེས་མ་བྷཱངྒ་ལ་དྷེ་ཤི་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ནའང་། ཉིན་མོ་དེ་མུ་མཐུད་རྗེས་དྲན་ཞུ་བཞིན་ཡོད་པས། ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་ནས་གཏན་འབེབས་གནང་བ་ལྟར། ཕྱི་ལོ་༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཉིན་མོ་འདིར་རྒྱལ་སྤྱིའི་མ་སྐད་ཀྱི་ཉིན་མོར་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་མ་སྐད་ཉིན་མོ་ཞེས་གཏན་འབེབས་གནང་ཡོད་ནའང་། བོད་ཕྱི་ནང་གཉིས་ནས་བོད་ཡིག་ནང་རྒྱལ་སྤྱིའི་“ཕ་སྐད་”ཉིན་མོ་ཞེས་འབྲི་བཞིན་འདུག གནད་དོན་འདི་ནི་ཕོ་མཆོག་མོ་དམན་གྱི་སྐད་ཆ་ཞིག་མིན་ནའང་། དོན་དངོས་སུ་བོད་པ་རང་གི་ཐ་སྙད་ཀྱི་ནང་དུ་མ་ཞེས་པ་ཕ་མ་གཉིས་སུ་ཕྱེ་བའི་མ་ཙམ་མ་ཡིན་པར། མ་ཞེས་པ་གཙོ་བོ་ལ་གོ་བའང་ཡོད་དེ། དཔེར་ན་མ་ལག་ཅེས་བརྗོད་པའི་སྐབས་སུ་མ་ཞེས་པ་དེ་གཙོ་བོ་ལ་གོ་བ་ཡིན། ནང་མི་ཞིག་ལ་མཚོན་ན་གཙོ་བོ་དེ་ནང་གི་ཨ་མ་ཡིན་པ་མ་ཟད། གོང་དུ་བརྗོད་པ་བཞིན་མ་ལག་ཅེས་པ་ལྟ་བུས་མཚོན་བོད་ཀྱི་སྐད་ཡིག་ནང་མ་ཡི་ཐ་སྙད་ནི་གཙོ་བོ་ལ་གོ་བའང་མང་པོ་ཡོད། དེར་བརྟེན་སྐད་ཡིག་གཙོ་བོ་ཡིན་པས་མ་སྐད་ཉིན་མོ་ཞེས་བརྗོད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་དང་མཐུན་ཞིང་། མི་ཞིག་ལ་མཚོན་ན་ཨ་མའི་མངལ་དུ་ཟླ་དགུའི་རིང་སྡོད་པའི་སྐབས་ཀྱང་སྐད་ཡིག་གི་བག་ཆགས་ཐོག་མ་འཇོག་པའི་དུས་སྐབས་སུ་ངོས་འཛིན་བྱེད་བཞིན་ཡོད་པས་ཕ་སྐད་ལས་མ་སྐད་ཉིན་མོ་ཞེས་བརྗོད་ན་འོས་འཚམ་དུ་གྱུར་ཡོད།
ཕ་སྐད་དང་མ་སྐད་ཅེས་བརྗོད་པ་ནི་ཞོར་འཕྲོས་ཙམ་ཡིན་པ་དང་། གཙོ་བོ་བོད་མི་རིགས་ལ་མཚོན་ན་བོད་ཀྱི་སྐད་ཡིག་རིག་གནས་ཚང་མ་ཕྱོགས་གཅིག་ནས་བལྟས་ན་ཅུང་ཙམ་དར་བཞིན་ཡོད་པ་ལྟ་བུ་ཡོད་ནའང་། ཕྱོགས་གཅིག་ནས་བལྟས་ན་མ་འོངས་པར་བོད་ཀྱི་སྐད་ཡིག་རིག་གནས་དེ་རླུང་གསེབ་ཀྱི་མར་མེ་ཞིག་དང་གཅིག་མཚུངས་བཞིན་རྒྱུན་རིང་གནས་ཐུབ་དང་མི་ཐུབ་ཧ་ཅང་ཉེན་ཁའི་གནས་སུ་གྱུར་ཡོད། དེ་ཡང་གཙོ་བོ་བོད་པ་རང་ཉིད་ཀྱི་འབད་བརྩོན་དང་སྡུག་རུས་ཙམ་མ་ཡིན་པར། སྐད་ཡིག་གི་གཟི་བརྗིད་དང་གལ་གནད་ཤེས་པའི་ཐོག་ནས་དགའ་ཞེན་སླེབས་དགོས་པ་དང་། དེ་ལ་བརྟེན་ནས་སྐད་ཡིག་དར་སྤེལ་རྒྱུན་འཛིན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། སྐད་ཡིག་རྒྱུན་འཛིན་ཞེས་པ་དེ་སྲིད་གཞུང་ཁོ་ན་ལ་རེ་བ་རྒྱག་རྒྱུ་ཙམ་མ་ཡིན་པ་དང་། མི་གཞན་ཞིག་ཁོ་ན་ལ་འབོད་སྐུལ་བྱེད་དགོས་པ་ཞིག་ཀྱང་མིན་པར། སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་ན་དང་པོ་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་རིག་གནས་ཡང་དག་པ་ཞིག་སྦྱོང་དགོས་པ་དང་། དེ་ནས་གཞན་ལ་འབོད་སྐུལ་བྱེད་དགོས་པའི་གོ་རིམ་འདི་ཡང་གལ་ཆེན་པོ་ཡིན།
མདོར་ན་རང་གིས་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པ་མ་ཟད། སློབ་སྦྱོང་ཡང་མི་བྱེད་པར་གཞན་ཁོ་ན་ལ་འབོད་སྐུལ་བྱས་ན་དེ་ནི་རྣམ་པ་ཙམ་ཡིན་པ་དང་། ལོ་ལྟར་སྐད་ཡིག་ཉིན་མོ་ཁོ་ན་ཙམ་མ་ཡིན་པར་དུས་རྒྱུན་བོད་ཀྱི་སྐད་ཡིག་གི་ཆེད་དུ་འབད་བརྩོན་བྱེད་ཐུབ་པ་ཞིག་བྱུང་ན། དེ་ནི་དོན་གྱིས་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་གལ་ཆེ་ཤོས་དེ་རེད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་བོད་ཡིག་ཁོ་ན་ལས་མི་ཤེས་མཁན་དག་གི་འགན་ཙམ་དུ་མི་བལྟ་བར། གཙོ་ཆེ་ཤོས་དབྱིན་ཡིག་དང་། རྒྱ་ཡིག་སོགས་སྐད་ཡིག་མང་པོ་ཤེས་མཁན་དག་ལ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་གྱི་དམིགས་བསལ་འགན་ཁུར་ཡོད་ཅིང་། བོད་ཀྱི་སྐད་ཡིག་ནང་མེད་པའི་རིག་གནས་མང་པོ་ཞིག་བོད་ཀྱི་སྐད་ཡིག་ཏུ་ནང་འདྲེན་བྱེད་ཐུབ་ན་བོད་ཀྱི་སྐད་ཡིག་ལ་གསོན་ཤུགས་རྒྱས་ཐུབ་པ་དང་། བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་གཞན་དུ་བསྒྱུར་རྒྱུར་ཡང་སེར་སྣ་བྱེད་དགོས་དོན་མེད་པར། དེ་ལྟར་བྱས་ན་བོད་ཀྱི་ཆོས་དང་རིག་གནས་བོད་པ་རང་ངོས་ནས་མ་སྦྱངས། གཞན་ལ་སྦྱོང་མི་ཐུབ་པ་བྱས་ན་‘ཟ་མི་བྲ་ཁྱི་དང་ཐུན་མོང་’ཟེར་བའི་དཔེ་དང་གཅིག་མཚུངས་སུ་གྱུར་འདུག།