རྒྱལ་སྤྱིའི་མནར་གཅོད་བཀག་འགོག་གི་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༢༦ ཉིན་ནི་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་ཞེས་འཛམ་གླིང་ནང་མནར་གཅོད་བཀག་འགོག་དང་། མནར་གཅོད་འདྲ་མིན་མྱོང་མཁན་ཚོར་རྗེས་དྲན་དང་རྒྱབ་སྐྱོར་གྱི་ཉིན་མོ་ཞིག་ཡིན་པས། དྷ་སར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་རྒྱ་ནག་གི་འོག་ཏུ་བོད་མིས་མནར་གཅོད་མྱངས་པའི་སྐོར་ལ་འགྲེམས་སྟོན་དང་མི་མང་ལ་གཏམ་བཤད་བྱས་ཡོད་པ་རེད།
དེ་ཡང་དྷ་ས་མེག་གྷན་དུ་མནར་གཅོད་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་མཛད་སྒོ་འཚོགས་པ་དང་། དེར་བོད་ནང་མནར་གཅོད་མྱོང་མཁན་ཁག་གི་པར་འགྲེམས་སྟོན། ཆབ་སྲིད་བཙོན་ཟུར་ཁག་ཅིག་ལ་བཅར་འདྲི་བྱས་པའི་བརྙན་ཐུང་བཤམ་སྟོན་སོགས་བྱས་ཡོད་པ་རེད།
དགུ་བཅུ་གསུམ་གྱིས་ཉིན་དེར་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་རྒྱ་ནག་གཞུང་གི་འོག་བོད་མིའི་དཀའ་ངལ་སྐོར་འཁོད་དོན། “ཁོ་ཚོའི་ལུས་སེམས་གཉིས་ཀར་བཙན་གནོན་དང་མནར་གཅོད་ཚད་ལས་འདས་པ་ཞིག་ཕོག་བཞིན་ཡོད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་མི་རིགས་འདྲ་མཉམ་སོགས་ནན་བཤད་བྱེད་ཀྱི་ཡོད་ཀྱང་། ལག་ལེན་དངོས་ཀྱི་ཐོག་ནས་བཤད་ན། ཁོ་ཚོས་བཤད་པའི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དང་རིག་པའི་གཞུང་ལུགས་ཚང་མ་ནི་བོད་མི་རིགས་རྩ་མེད་བཟོ་བའི་ནག་ཉེས་འགེབས་སྲུང་བྱེད་པའི་མི་མངོན་པའི་ཐབས་ཇུས་ཞིག་ཡིན་པ་གསལ་པོ་རེད་”ཅེས་འཁོད་ཡོད་པ་རེད།
ཉིན་དེའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ཉིན་དེ་དང་འབྲེལ་བའི་ལས་འགུལ་སྐོར་གསུང་བཤད་གནང་སྐབས། བོད་ནང་ལ་མནར་གཅོད་བཏང་བ་དཔང་རྟགས་ཆེ་ཤོས་ཤིག་པཎ་ཆེན་རིན་པོ་ཆེའི་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུ་དང་། བོད་ནང་ནས་རང་ལུས་མེར་སྐབས་བརྙན་འཕྲིན་ནང་སྐད་ཆ་བཤད་པ་ཁག་ཡག་ཤོས་ཡིན་སྐོར། གནས་ཚུལ་དེའི་རིགས་གཞུང་འབྲེལ་གྱིས་བདག་པོ་བརྒྱབ་སྟེ། ཞི་གཏུག་ཡག་པོ་བྱེད་མ་ཐུབ་པའི་སྐོར། བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་གཟུགས་པོ་བདེ་ཐང་སྐབས་བཙོན་ཁང་ལ་འཇུས་ནས་མནར་གཅོད་འོག་ནད་པ་ཆགས་ཀྱི་ཡོད་སྐོར། རྒྱ་ནག་གི་མི་མང་ལ་བསམ་བློ་རང་དབང་མ་སྤྲད་ནས་མི་སེམས་གཅིག་སྒྲིལ་གྱི་ལས་འགུལ་སྤེལ་གྱི་ཡོད་སྐོར་ཡང་གསུངས་སོང་།
“བཙན་བྱོལ་བོད་མི་ཚོའི་ནང་མཚམས་རེར་འུར་འདྲ་ལངས་སྐབས་ཚང་མས་ཟིང་འདྲ་མཉམ་དུ་ལངས་པ་དང་། དུས་རྒྱུན་ལྷོད་ལྷོད་འདྲ་ཆགས་བསྡད་མེད་འགྲོ་བསམ་པའི་བསམ་ཚུལ་ང་ལ་གཞུང་མང་གཉིས་ཀར་ཡོད། དུས་རྒྱུན་ལས་འགུལ་སྤེལ་ཏེ་མི་མང་ཚང་མ་བརྒྱུགས་ནས་ཕན་ག་ཚོད་ཐོགས་ཀྱི་ཡོད་མེད་མི་ཤེས་ཏེ། དུས་དུས་ལ་ལས་འགུལ་དེ་འདྲ་ཡོད་ན། འཛམ་གླིང་ཐོག་མི་མ་འདྲ་བ་དེ་འདྲ་ཡོང་གི་ཡོད་པ་དང་། བོད་དོན་ཐོག་ཞིབ་འཇུག་བྱེད་མཁན་དེ་འདྲ་ཡོང་གི་ཡོང་ནས་དེབ་དེ་འདྲ་འདོན་གྱི་ཡོད་པས། དེའི་རྒྱུན་དོ་སྣང་དགོས་པ་རེད། མི་རྒན་པ་ཚོས་བུ་རབས་ཚ་རྒྱུད་དང་བཅས་པར་བོད་ཀྱི་ལོ་རྒྱུས་དང་གནས་སྟངས་ངོ་སྤྲོད་བྱེད་དགོས་པ་རེད་”ཅེས་རྒྱ་ནག་གིས་ད་ལྟ་བར་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱེད་ཀྱི་མེད་སྐོར་གསུངས་སོང་།
དགུ་བཅུ་གསུམ་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་ནང་དུ་རྒྱ་ནག་གིས་མནར་ལ་ཚད་མེད་སྐོར་དང་། དེའི་རིགས་བཙན་བྱོལ་ནང་ཞུ་གཏུག་དང་སྙན་ཐོ་མང་པོ་བཏོན་ཡོད་སྐོར་དང་འབྲེལ་ནས་གསུང་དོན། “བོད་མི་རིགས་ཀྱིས་མནར་གཅོད་འདི་འདྲ་ཞིག་མྱངས་ན་ད་དུང་བོད་པ་ཤི་ཡོད་པ་མ་རེད་ལ། རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་པར་མནར་གཅོད་དང་ཐུབ་ཚོད་གཏོང་ས་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་ཡི་ཡོད་པ་མ་རེད། དེས་བོད་མི་མང་གིས་གཉའ་གནོན་དང་བཤུ་གཞོག་ལ་མགོ་སྒུར་གྱི་མེད་པ་གསལ་པོ་མཚོན་ཡོད་པ་རེད། ཡིན་ནའང་དེ་ཙམ་གྱིས་ང་ཚོས་ཉི་མ་འཁྱོལ་གྱི་རེད་དང་མ་རེད། ང་ཚོ་སྣང་བ་དག་ནས་ཁོས་ང་ལ་ག་ཚོད་བརྡུང་ནའང་མ་བསད་བར་དུ་དེ་བྱས་ནས་སྡོད་ཀྱི་ཡིན་ལབ་ན། མི་རིགས་ཀྱི་སེམས་ཁམས་དང་དཔའ་བོའི་རིང་ལུགས་ཀྱི་བློ་ཁོག་གི་སྐད་ཆ་ཞིག་རེད་མ་གཏོགས། དེ་ཙམ་གྱིས་འདོད་པ་ཁང་ན་འགྲིག་གི་མ་རེད་”ཅེས་སོགས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།