རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ཁག་ལ་རྒྱ་ནག་གི་གནོན་ཤུགས།

རྒྱ་ནག་གི་གནོན་ཤུགས་དང་དབང་ཤུགས་ལ་བརྟེན་ནས། ཐའེ་ཝན་གྱི་མཛངས་མ་དང་ཁེ་ན་ཌའི་མཛངས་མ་གཉིས་མཛངས་མའི་འགྲན་སྡུར་ལ་འཛུལ་ཞུགས་བྱེད་ཐུབ་མེད་པ་རེད།

12305628_10
ཐའེ་ཝན་གྱི་མཛངས་མ་ཏིང་ཝན་ཡེན་

དེ་ཡང་ཟླ་འདིིའི་ཚེས་༢༢ ཉིན་ཡུ་རོབ་ཨོ་སི་ཊོ་རི་ཡར་འཚོགས་བཞིན་པའི་སའི་གོ་ལའི་མཛངས་མའི་འགྲན་སྡུར་སྐབས། ཐའེ་ཝན་གྱི་མཛངས་མ་ཏིང་ཝན་ཡེན་ལ་འགྲན་སྡུར་སྐབས་སུ་སྐེད་འཆིང་“རྒྱ་ནག་གི་ཐའེ་ཝན་”ཞེས་བཀོད་པ་དེ་གོན་དགོས་སྐོར་བཤད་པས། མོས་དེ་ལྟར་བྱེད་འདོད་མེད་པར་ལན་འདེབས་བྱས་སྟབས། གོ་སྒྲིག་པས་མོ་འགྲན་སྡུར་ནང་ཞུགས་བཅུག་མེད་པ་རེད།

མོས་ངོ་དེབ་སྟེང་དུ་“ངས་ཁོ་ཚོར་ང་རང་ཐའེ་ཝན་ལ་སྐྱེས་པ་དང། ཐའེ་ཝན་གྱི་སྐུ་ཚབ་ཡིན། ངའི་སྐེད་འཆིང་ཐོག་ཐའེ་ཝན་ཞེས་བྲིས་ཡོད་པས་དེ་ག་རང་གོན་རྒྱུ་ཡིན་ཞེས་བཤད་པས། ཁོང་ཚོས་ང་ལ་སྐེད་འཆིང་བརྗེ་ལེན་བྱེད་ན་གྱིས། དེ་མིན་ན་འགྲན་སྡུར་ལས་ཕྱིར་ཐོན་གྱི་ཞེས་ལབ་བྱུང་”ཞེས་བཀོད་འདུག

ཕྱི་ལོ་༢༠༠༦ ལོར་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག་ལ་ཡང་“རྒྱ་ནག་གི་བོད་”ཅེས་པའི་སྐེད་འཆིང་གོན་དགོས་པར་གནོན་ཤུགས་སྤྲད་པས། སའི་གོ་ལའི་མཛངས་མ་འགྲན་སྡུར་ལས་ཕྱིར་ཐོན་བྱེད་དགོས་བྱུང་བ་རེད།

12283010
ཁེ་ན་ཌའི་མཛངས་མ་ཨེ་ན་སེ་ཊ་སེ་ཡ་ལཱེན།

དེ་བཞིན་འདིའི་ལོའི་ཕྱི་ཟླ་༡༢ ནང་རྒྱ་ནག་ཏུ་འཛམ་གླིང་མཛངས་མ་འགྲན་སྡུར་འཚོག་རྒྱུ་ཡིན་པ་དེར། ཁེ་ན་ཌའི་མཛངས་མ་ཨེ་ན་སེ་ཊ་སེ་ཡ་ལཱེན་ལ་རྒྱ་གཞུང་གིས་མགྲོན་འབོད་ཀྱི་ཡི་གེ་སྐུར་མེད་པས། མགྲོན་འབོད་ཡི་གེ་མེད་པར་ཐོངས་ཆེན་ཞུ་ཐབས་མེད་པ་རེད། དེ་ཡང་མོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་སྐོར་དང། ལྷག་པར་དུ་རྒྱ་གཞུང་གིས་ཧྥ་ལུང་ཀོང་སྒོམ་སྒྲུབ་བྱེད་མཁན་རྣམས་ལ་དྲག་གནོན་བྱས་སྐོར་གཏམ་བཤད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པས། རྒྱ་གཞུང་གིས་ཆེད་དུ་མོ་འགྲན་སྡུར་ལ་ཞུགས་མི་ཐུབ་ཆེད་བྱ་སྤྱོད་དེ་བྱས་པ་ཡིན་ཚུལ་མོས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས། བོད་དང་ཐའེ་ཝན་སོགས་ཀྱི་མཛངས་མ་མང་པོ་ཞིག་རྒྱལ་སྤྱིའི་མཛངས་མ་འགྲན་སྡུར་ནང་རྒྱ་ནག་གི་མངའ་འོག་ཡིན་པ་སྟོན་པའི་སྐེད་འཆིང་མ་གོན་ཚེ། འགྲན་སྡུར་དེ་དག་ལ་ཞུགས་ཐབས་མེད་པ་ཆགས་ཡོད་པ་རེད། དེ་བཞིན་གཞས་པ་གྲགས་ཅན་དང་ལས་འགུལ་བ་སོགས་མང་པོ་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་བྱས་རྐྱེན། རྒྱ་ནག་ལ་གཏན་དུ་འགྲོ་རྒྱུ་མེད་པ་བཟོས་པ་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།