རྒྱལ་སྤྱིའི་མིག་ནང་གི་བོད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༤ ཕྱི་ལོ་ ༢༠༡༥/༡༠/༡༤
བོད་ཅེས་པའི་རྒྱལ་ཁབ་འདི་ཉིད་འཛམ་བུའི་གླིང་གི་ཁྱོན་དུ་རྒྱ་ཁྱབ་བྱུང་བ་ནས་བཟུང་བོད་པའི་ངོ་བོ་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་མང་པོ་བྱུང་ཡོད་ལ། ལོ་རྒྱུས་ཀྱི་གནས་བབས་དང་། ཆབ་སྲིད་ཀྱི་གནས་བབས། སྤྱི་ཚོགས་ཀྱི་གནས་བབས་གང་ཐད་ནས་བོད་ལ་རྒྱུས་མངའ་ཆེ་ཤོས་ཡོད་མཁན་གྱི་རྒྱལ་ཁབ་ནི། རྒྱ་ནག་དང། རྒྱ་གར། སོག་པོ། བལ་པོ། དབྱིན་ཇིས་རྒྱ་གར་བཙན་བཟུང་བྱས་པའི་རྗེས་ནས་དབྱིན་ཇི་བཅས་ཡིན། དེ་དག་གི་ནང་ནས་རྒྱ་གར་ཕུད་པས་རྒྱལ་ཁབ་གཞན་རྣམས་ཀྱི་ངོས་ནས་བོད་ལ་དཔུང་འཇུག་དམག་འཁྲུག་བྱེད་མ་མྱོང་མཁན་ཞིག་མེད་ལ། བོད་ཟ་སེམས་ཀྱི་བསམ་བློ་ཡོད་མཁན་ཡང་རྒྱ་ནག་དང། སོག་པོ། དབྱིན་ཇི་བཅས་ཡིན། མཐའ་མ་སྟབས་ཉེས་པ་ཞིག་ལ་རྒྱ་དམར་གཞུང་གིས་བོད་ས་ཡོངས་སུ་རྫོགས་པ་བཙན་བཟུང་ཁྱུར་མིད་བྱས་ནས་ད་ལྟའི་ཆར་རྒྱ་དམར་གྱི་དབང་བསྒྱུར་འོག་ཏུ་གནས་དགོས་བྱུང་བ་ནི། བོད་པ་སྤྱི་ཡོངས་ཀྱི་ངོས་ནས་ཆབ་སྲིད་ཀྱི་བསམ་བློ་སྐྱོ་དྲགས་པ་དང། གཅིག་སྒྲིལ་གྱི་ནུས་ཤུགས་ཞན་དྲགས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད།
བོད་ས་ཤོར་ནས་༧གོང་ས་མཆོག་གིས་གཙོས་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་ཕེབས་པའི་རྗེས་སུ་རྒྱལ་སྤྱིའི་ཐོག་ནས་བོད་ལ་ཤ་ཚ་སྙིང་རྗེ་བལྟ་མཁན་དང། རོགས་རམ་བྱེད་མཁན་ཡང་ཇི་སྙེད་ཅིག་བྱུང་ཡོད་ལ། གཙོ་ཆེ་ཤོས་༧གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་ལན་མང་གནང་ནས་བཀའ་སློབ་གསུང་བཤད་གནང་བ་དང། ནང་པ་སངས་རྒྱས་པའི་ཆོས་གཙོ་བོར་བཟུང་ནས་ཀུན་ཕན་སྤྱི་དོན་གྱི་འགན་ཁུར་ཕྲག་ཏུ་བཞེས་པའི་མཛད་སྤྱོད་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་ནས་ཀྱང། ༧གོང་ས་མཆོག་བོད་མི་རིགས་ཀྱི་ཚབ་མཚོན་གྱི་ངོ་བོ་ཞིག་ལ་ངོས་འཛིན་བྱེད་མཁན་གང་མང་ཞིག་བྱུང་ཡོད། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་བཙན་ཐབས་སུ་བསྩལ་བ་ནས་བཟུང། གོམ་པ་རིམ་བགྲོད་བྱས་ནས་ཡར་རྒྱས་བཏང་ཡོད་པ་སོགས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་མང་གཙོ་ཅན་དང། བཟང་སྤྱོད་ཅན། འདྲ་མཉམ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། ༧གོང་ས་མཆོག་ལ་རྒྱལ་སྤྱིའི་སྟེང་ནས་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་ཀྱང་གང་མང་ཞིག་ཕུལ་ཡོད།
སྐབས་དེ་དག་ཏུ་རྒྱལ་སྤྱིའི་མིག་ནང་དུ་བོད་པའི་མཚན་གཞི་རུ་༧གོང་ས་མཆོག་ཁོ་ན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། ད་ལྟའི་དུས་ཚོད་འདིར་དྲ་རྒྱའི་བརྒྱུད་ལམ་ལ་བརྟེན་ནས་གོ་ལ་ཧྲིལ་པོ་ལག་མཐིལ་དུ་ཡོད་པའི་དུས་འདིར་ནུབ་ཕྱོགས་ནས་ཀི་གཅིག་བཏབ་ན་ཤར་ཕྱོགས་ནས་གོ་ཐུབ་པའི་དུས་ཚོད་ཅིག་ཡིན་སྟབས། བོད་པའི་སྤྱི་ཚོགས་ནང་ནས་ལྷག་བསམ་དང་སེམས་ཤུགས་ཀྱིས་ཀུན་ནས་བསླངས་པ་ཞིག་ཡིན་ནའང་འདྲ། རང་ཉིད་ཀྱི་འཕྲལ་ཁེ་ཆུང་ཙག་ལ་བརྟེན་ནས་ཡིན་ཡང་འདྲ། ༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་ནས་མི་གཞན་རྡོག་རྫིས་གཏོང་ཐབས་བྱས་ན། དོན་གྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ངོ་གདོང་ལ་ནག་ཐིག་ཕབ་པ་དང་ཀུན་ནས་མཚུངས་ལ། མང་གཙོའི་སྤྱི་ཚོགས་ནང་ལྟ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ལ་བརྟེན་ནས་བསམ་བློའི་ཁ་ཕྱོགས་ཀྱང་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད་པ་དང། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་རྙོག་ཟིང་སྣ་ཚོགས་ཀྱང་ཡོང་གི་ཡོད་པ་རེད། འོན་ཀྱང་སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཤིག་པའི་དཔེ་ལྟར་མང་གཙོའི་ནང་རྙོག་ཟིང་ཡང་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་སེལ་དགོས་པ་རེད།
བོད་པའི་མིག་ནང་དུ་མཛའ་བ་ཙམ་གྱིས་རྒྱལ་སྤྱིའི་མིག་ནང་དུ་མཛའ་བའི་ངེས་པ་གཏན་ནས་མེད་ལ། བོད་པའི་གོམས་གཤིས་དང་བྱེད་སྟངས་མང་པོ་ཞིག་རྒྱལ་སྤྱིའི་ནང་མངོན་གསལ་དུ་གྱུར་ཡོང་བའི་སྐབས་སུ་སྔོན་མ་༧གོང་ས་མཆོག་བོད་པའི་ཚབ་མཚོན་དུ་ངོས་འཛིན་བྱེད་པ་ནང་བཞིན། ད་ལྟའི་ཆར་བོད་པ་དག་གི་བྱེད་སྟངས་ཀྱང་༧གོང་ས་མཆོག་གི་ཚབ་མཚོན་ཞིག་ཏུ་ངོས་འཛིན་བྱེད་མི་སྲིད་པ་མ་རེད། ཉེ་ཆར་བོད་པའི་སྤྱི་ཚོགས་ནང་འོས་བསྡུ་དང་འབྲེལ་བའི་བྱེད་སྟངས་རེ་ཟུང་ལ་བརྟེན་ནས་རྒྱལ་སྤྱིའི་ནང་ནང་ནས་བོད་དོན་རྒྱལ་སྐྱོར་ཚོགས་པ་མང་པོ་ཞིག་གིས་མཉམ་གཅིག་ཏུ་བཀའ་ཤག་དང་། དབུས་འོས་བསྡུ་ལས་ཁང་ལ་ཡིག་ཐོག་ནས་ལེགས་བཅོས་བྱེད་དགོས་པའི་བསམ་ཚུལ་མང་པོ་ཞིག་བཏོན་འདུག་པ་དང། ལེགས་བཅོས་དེ་དག་ཚུལ་བཞིན་མ་བྱས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་རྒྱ་གར་དང་རྒྱལ་སྤྱིའི་མིག་ནང་དུ་མང་གཙོ་མེད་པའི་སྤྱི་ཚོགས་ཤིག་ཏུ་ངོས་འཛིན་བྱེད་ངེས་རེད་ཅེས་བརྗོད་འདུག དེ་དག་ནི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་སྡེ་འབའ་ཞིག་ཏུ་གྱུར་ཡོད།
མདོར་ན་ཀུན་སློང་ལ་མ་ལྟོས་པར་༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་ནས་དབྱེ་འབྱེད་ཀྱི་རང་བཞིན་ཅན་མང་པོ་བྱས་ན། རྒྱལ་སྤྱིའི་མིག་ནང་དུ་བོད་མིའི་སྒྲིག་འཛུགས་སྤྱི་དང། བྱེ་བྲག་སུའི་གཟུགས་བརྙན་ལ་གནོད་ཀྱི་ཡོད་མེད་ཐད་བསམ་བློ་ངེས་པར་དུ་གཏོང་དགོས། སྒེར་གྱི་ཁེ་ཕན་གཞི་རྩར་བཞག་པའི་ཐོག་ནས་བྱས་ན་སྨྲོས་མེད་དང། གཞན་དགའ་ཞེན་དང་དད་ཞེན། རྒྱལ་ཞེན་བཅས་གང་གཞི་རྩར་བཞག་པའི་ཐོག་ནས་བྱས་ཀྱང། དེའི་མཇུག་འབྲས་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེ་ཤོས་ཡིན། རང་ཉིད་ཀྱི་བསམ་ཚུལ་ཁ་ཐུག་བརྗོད་པ་དག་སྐབས་རེ་༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པའི་དབང་དུ་བཏང་ཡང། དེ་ལ་བརྟེན་ནས་༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་བཞིན་རས་གཙང་ནས་གཙང་དུ་འགྲོ་བ་ལས་གནོད་པ་གཏན་ནས་མེད། དེར་བརྟེན་གནད་དོན་འདི་དག་གི་ཐོག་ལ་མི་མང་དང་འགོ་ཁྲིད་མཁན་དུ་རློམ་པ་དག་གིས་བསམ་ཞིབ་ཡག་པོ་ཞིག་བྱེད་མ་ཐུབ་ན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་གཅིག་ཏུ་ཐ་ཚིག་བསྒྲགས་པ་དང་གཅིག་མཚུངས་སུ་འགྱུར་ངེས་རེད།།