རྒྱལ་སྤྱིའི་ཚོང་དམག་དང་བོད་དོན།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་(༡༠༤༣) གྱི་ཆེད་བརྗོད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རི་དང་ཚོང་འབྲེལ་ཡོད་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ནས་ཚོང་རྫས་ནང་འདྲེན་བྱེད་པར་སྒོ་ཁྲལ་ཆེན་པོ་སྤར་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ལ་ཡོ་འཁྱོམ་ཆེན་པོ་ཞིག་ཐེབས་བཞིན་ཡོད། ཚོང་དམག་འདི་ལ་བརྟེན་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་མཐུན་ཕྱོགས་དང་དགྲ་གཉེན་གྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པའི་རྣམ་པ་གསལ་པོ་འདུག ཊོམ་སྲིད་གཞུང་གི་ཐག་གཅོད་འདིའི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་གང་ཡིན་པ་དང་། བྱེད་སྟངས་འདི་ལ་བརྟེན་ནས་དམིགས་ཡུལ་གང་ཡོད་པ་དེ་འགྲུབ་ཐུབ་མིན་སོགས་ཀྱི་དྲི་བ་ལ། ཕྱོགས་གང་ཐད་ནས་གཏན་ཁེལ་བའི་ལན་འདེབས་ཤིག་ད་ལྟའི་ཆར་ཕལ་ཆེར་མེད་པ་ལྟ་བུ་རེད། ཊོམ་གྱིས་ཁ་གཏད་གཅོག་ས་གཙོ་བོ་རྒྱ་ནག་ཡིན་པའི་རྣམ་འགྱུར་མངོན་ཡང་། རྒྱ་གཞུང་གིས་དེ་ལ་ཁ་གཏད་གདོང་ལེན་ག་འདྲ་ཞིག་བྱེད་མིན་དང་། ཡུ་རོབ་དང་། རྒྱ་གར། ཉི་ཧོང་སོགས་ཀྱི་བྱེད་སྟངས་ལ་ཕྱོགས་ཡོངས་ནས་ད་དུང་བལྟ་རྒྱུ་རེད།

སྤྱིར་འཛམ་གླིང་དུ་རྩོད་རྙོག་ཆེ་ཆུང་མང་པོ་ཞིག་ཡོད་པར་བོད་དོན་དང་འབྲེལ་བ་ཡོད་མེད་སྣ་ཚོགས་ཤིག་ཡོད་ཀྱང་། ད་ལན་གྱི་ཚོང་དམག་འདི་དང་། དེའི་ཤུགས་རྐྱེན་བཅས་ལ་བོད་པའི་ངོས་ནས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་དང་། བཙན་བྱོལ་ནང་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་བྱེད་ཐབས་སོགས་ལ་དུས་དང་བསྟུན་ནས་འགྱུར་བ་གཏོང་དགོས་པ་ཡོང་སྲིད་པ་མ་ཟད། རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་སླེབས་ཐུབ་པའི་ཐབས་ལམ་གསར་པའང་རྙེད་སྲིད་པ་རེད། རྒྱལ་སྤྱིའི་སྟེང་ནས་བོད་དོན་འཐབ་རྩོད་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡང་མེད་པ་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་ཐེབས་སྲིད་པ་སོགས་ད་ལན་གྱི་ཚོང་དམག་འདི་ནི་བོད་དོན་འཐབ་རྩོད་དང་། བོད་མིའི་འཚོ་གནས་བཅས་ལ་རང་བཞིན་གྱིས་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན་པས། ཁ་ཕྱོགས་བསྒྱུར་བའི་ནུས་པ་བོད་མི་ལ་མེད་ཀྱང་དོ་སྣང་ཆེན་པོའི་ཐོག་ནས་གོ་སྐབས་ཆེ་ཆུང་གང་ཡོད་པ་དེ་དམ་འཛིན་དགོས་པ་ནི་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

༧གོང་ས་མཆོག་གིས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་གསུངས་པ་བཞིན། ད་ལན་གྱི་ཚོང་དམག་འདི་ལ་བརྟེན་ནས་ཨ་རིའི་སྟོབས་ཤུགས་དང་ནུས་པ་ཆེ་རུ་འགྲོ་བ་དང་། རྒྱ་ནག་གི་སྟོབས་ཤུགས་དང་ནུས་པ་ཆུང་དུ་སོང་ནས་བཙན་འཛུལ་དང་དྲག་གནོན་གྱིས་མངའ་འོག་ཏུ་བསྡུས་པའི་བོད་དང་། ཤར་ཏུར་ཀི་སི་ཐན། སོག་པོ་དང་། ཧོང་ཀོང་སོགས་ལ་རང་དབང་གི་གོ་སྐབས་འཐོབ་སྲིད་པའི་རེ་བ་རྒྱག་ཆོག་ལ། བོད་མི་རིགས་དེ་ཞི་བདེ་དང་རང་དབང་གི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་རེ་བའང་རྒྱག་མི་ཆོག་པ་ཞིག་མ་རེད། གལ་སྲིད་ཊོམ་སྲིད་གཞུང་གིས་གནས་སྐབས་རྫིག་རྫིག་ངར་ངར་བྱེད་པ་ཙམ་ལས། དོན་དངོས་སུ་མཇུག་འབྲས་ཆེན་པོ་གང་ཡང་མེད་པ་ཞིག་བྱེད་མི་སྲིད་པ་མ་རེད། ད་བར་དུས་ཐུང་དེའི་ནང་བྱེད་སྟངས་མང་པོ་ཞིག་གི་ཐོག་ནས་འཐེན་ཙམ་ལྷོད་ཙམ་མང་པོ་བྱས་སོང་བས། ཊོམ་གྱི་སྲིད་བྱུས་ཁག་གཏིང་ཟབ་པོའི་ཐོག་ནས་ལག་བསྟར་མཐར་འཁྱོལ་ཞིག་བྱེད་ཐུབ་མིན་ཡང་ཕྱོགས་གང་ནས་བལྟས་ཀྱང་དོགས་གནས་སུ་གྱུར་ཡོད། 

དེ་ཡང་གཙོ་བོ་ཨ་རིའི་སྲིད་འཛིན་ཊོམ་གྱིས་ལྟ་གྲུབ་གཙོ་བོར་བཟུང་ནས་ལས་དོན་བསྒྲུབ་ཀྱི་ཡོད་ན་དམིགས་ཡུལ་མ་འགྲུབ་བར་མཐའ་འཁྱོལ་བྱེད་ངེས་ཀྱང་། དེ་ལྟར་མ་ཡིན་པར་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་གཙོ་བོར་བཟུང་ནས་ཐག་གཅོད་བྱེད་བཞིན་ཡོད་པས། ཨ་རི་ལ་དཔལ་འབྱོར་གྱི་གྱོང་རག་ཀྱང་ཨུ་ཚུགས་ཀྱིས་སྲིད་བྱུས་དེ་ལག་བསྟར་བྱེད་མི་སྲིད་པ་རེད། གལ་སྲིད་བྱས་པའི་དབང་དུ་བཏང་ནའང་ད་ལན་སྒོ་ཁྲལ་གྱི་གནད་དོན་འདི་ཨ་རི་ཁོ་ནས་གང་བྱས་བྱས་ཤིག་གཏན་ནས་མིན་པར། རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གཞིགས་ནས་གྲ་སྒྲིག་དང་གདོང་ལེན་བྱེད་བཞིན་ཡོད་པས། ཁེ་ཕན་གཙོ་བོ་སུ་ལ་རག་གི་ཡོད་མིན་བཤད་མི་ཤེས་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་། རྒྱ་གར། རྒྱ་ནག ཉི་ཧོང་། ལྷོ་ཀོ་རི་ཡ། དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་ཁག ཨ་ཧྥི་རི་ཀ་དང་། ལྷོ་ཨ་མི་རི་ཀ་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་ཆེ་བ་དང་འབྲེལ་བ་ཡོད་པས། ཨ་རིའི་སྟོབས་ཤུགས་ཉམས་ཆག་ཏུ་འགྲོ་བའི་རྐྱེན་རྩ་ཞིག་ཏུའང་འགྱུར་མི་སྲིད་པ་གཏན་ནས་མ་རེད།

མདོར་ན་བོད་དང་བོད་མི་ལ་རྒྱལ་སྤྱིའི་ཚོང་དམག་དང་འབྲེལ་བའི་ཐོག་ཐད་ཀར་ནུས་པ་གང་ཡང་མེད་ཀྱང་། དྲ་རྒྱའི་དུས་རབས་འདིར་འཛམ་གླིང་གི་གནས་ཚུལ་དུས་ཐོག་ཤེས་རྟོགས་ཐུབ་པས། གོ་སྐབས་གང་ཡོད་པ་དེ་འཆོར་མི་རུང་བ་ནི་གལ་ཆེ་ཤོས་རེད། བོད་ཀྱི་འབྲེལ་ཡོད་རྒྱལ་ཁབ་རྒྱ་གར་ལ་མཚོན་ན་སྲིད་བྱུས་དང་ལངས་ཕྱོགས་གང་ཐད་ནས་བརྟན་པོ་དང་ངང་རྒྱུད་རིང་པོ་ཡིན་པས། ད་ལན་གྱི་ཚོང་དམག་འདིའི་ནང་ནས་གྱོང་གུད་ཆུང་བ་ཐེབས་མཁན་ཞིག་ཡིན་པར་ཚོད་དཔག་བྱེད་ཆོག རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིའི་བདེ་དོན་དང་འབྲེལ་བའི་རྒྱབ་སྐྱོར་གྱི་སྲིད་བྱུས་བརྟན་པོ་དང་བློས་འགེལ་ཆོག་པ་ཞིག་ཡིན་ཡང་།  བོད་དོན་ཆབ་སྲིད་ཀྱི་ཐོག་ལ་རྒྱབ་སྐྱོར་དང་ནུས་པ་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་གྱི་ལས་འགུལ་སྤེལ་དགོས་པ་དང། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བོད་དོན་ཆབ་སྲིད་ལ་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་གོ་སྐབས་འཚོལ་དགོས་པ་སོགས། ད་ལན་གྱི་རྩོད་རྙོག་འདི་བོད་དོན་འཐབ་རྩོད་ལ་རྙེད་དཀའ་བའི་གོ་སྐབས་ཤིག་ཏུ་བསྒྱུར་དགོས།།