རྒྱལ་སྤྱིའི་འཁྲུག་ཆའི་ནང་གི་བོད་དོན།
ད་ལྟའི་དུས་འདིར་རཱ་ཤི་ཡ་དང་། ཡུག་རེན་གྱི་དམག་འཁྲུག ཨི་སི་རེལ་དང་། པ་ལི་སི་ཐན་གྱི་ཧཱ་མ་སི་དྲག་སྤྱོད་དམག་སྡེའི་བར་གྱི་དམག་འཁྲུག ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དང་འབྲེལ་བའི་རྩོད་རྙོག རྒྱ་ནག་དང་། ཐའེ་ཝན་གྱི་རྙོག་གྲ། དེ་བཞིན་ཨ་རི་དང་། རྒྱ་ནག་གི་ཚོང་དམག གཙོ་ཆེ་ཤོས་ཨ་རིས་སྣེ་ཁྲིད་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བ་དང་། རཱ་ཤི་ཡ་དང་། རྒྱ་ནག་གཙོ་བོར་གྱུར་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་བཅས་ཕན་ཚུན་ཁ་གཏད་དཔུང་སྒྲིག་གི་ཐོག་ནས་འཛམ་གླིང་འཁྲུག་ཆེན་གསུམ་པ་ཡོང་རྒྱུའི་ཉེན་ཁར་སླེབས་ཡོད། དུས་རབས་ཉེར་གཅིག་པ་འགོ་ཚུགས་མ་ཐག་མང་ཆེ་བས་ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཞེས་ཁ་གཡང་བརྗོད་མཁན་གང་མང་ཞིག་བྱུང་ཡང་། དུས་རབས་ཉེར་གཅིག་པ་ཚེས་ནས་མི་ལོ་༢༠ ལྷག་གི་རིང་དམག་འཁྲུག་ཆེ་ཆུང་སྣ་ཚོགས་བྱུང་བ་དང་། བསམ་ཡུལ་ལས་འདས་པའི་མཚོན་ཆ་སྣ་ཚོགས་གསར་གཏོད་བྱས་ནས་དུས་གཅིག་ལ་རྒྱལ་ཁབ་ཁ་ཤས་རྩ་མེད་གཏོང་རྒྱུའི་ཉེན་ཁ་མེད་དམ་བསམ་པ་ལྟ་བུའི་གནས་བབས་ཤིག་ཏུ་གྱུར་འདུག
རྒྱལ་སྤྱིའི་སྟེང་འཁྲུག་ཆ་དོད་པོ་འདི་ལྟ་བུ་ཡོད་པའི་སྐབས་འདིར་བོད་དོན་འཐབ་རྩོད་ནི་འཛམ་གླིང་གི་གླེང་གཞི་ཆེ་ཁག་གང་དུའང་ཚུད་མེད་ཅིང་། ལོ་རེ་བཞིན་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་ནས་ཉེན་ཁ་ཆེ་རུ་དང་ནུས་པ་ཆུང་དུ་འགྲོ་བཞིན་ཡོད། བོད་དོན་འཐབ་རྩོད་བྱེད་པའི་ཁ་ཕྱོགས་དང་སྲིད་བྱུས་གཙོ་བོ་རྒྱ་དམར་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་རང་འཇགས་དང་། རྒྱ་ནག་དམར་ཤོག་གི་འགོ་འཁྲིད་འོག་མི་རིགས་ས་གནས་རང་སྐྱོང་ཞིག་དགོས་པའི་དགོས་འདུན་ཙམ་རྩོད་བཞིན་ཡོད་པས། ཁ་གསལ་ཙམ་བཤད་ན་ད་ལྟ་བོད་དོན་འཐབ་རྩོད་རྒྱ་ནག་གི་ནང་སྲིད་གནད་དོན་ལྟ་བུར་གྱུར་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་བེད་སྤྱོད་ཀྱི་དགོས་མཁོ་དང་། རྒྱབ་སྐྱོར་གྱི་རིན་ཐང་གང་ཡང་མེད་པ་ལྟ་བུར་འགྱུར་བཞིན་འདུག་པ་མ་ཟད། བོད་པ་རང་ངོས་ནས་ཀྱང་བོད་དོན་འཐབ་རྩོད་དེ་རྩ་བའི་རྩེ་མོར་འཛིན་མཁན་ཞིག་མཐོང་དཀའ་བ་ལྟ་བུར་གྱུར་ཡོད་པས། བོད་དོན་འཐབ་རྩོད་དང་རྒྱལ་སྤྱིའི་འཁྲུག་ཆ་གཉིས་ཁེ་ཕན་གྱི་ཐོག་ནས་འབྲེལ་བ་གང་ཡང་མེད་པ་ལྟ་བུར་གྱུར་འདུག
ད་ལྟའི་ཆར་ཁྲིམས་ཞིབ་པ་མེད་པ་དང་། སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག་གཉིས་ཀྱང་བཏང་འགྲོ་བཞག་སྡོད་ཕེར་བ་ཞིག་མེད་པས། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱང་ཕྱི་རྐྱེན་དང་ནང་རྐྱེན་གང་ཐད་ནས་ནུས་པ་དང་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་འདུག ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་༧གོང་ས་མཆོག་ཕུད་པའི་ཆབ་སྲིད་དང་འབྲེལ་ཡོད་འགོ་ཁྲིད་ལས་ཟུར་ནང་བོད་པ་སྤྱི་ཡོངས་ནས་མཐོང་དང་ཆ་འཇོག་བྱེད་ཡུལ་སུ་གཅིག་མེད་པ་ལྟ་བུར་འགྱུར་བཞིན་པ་དང་། མཛད་གཙོ་ལས་ཐོག་དང་ལས་ཟུར་ཚང་མའི་ངོས་ནས་ཕྱོགས་གང་རུང་ཞིག་ཏུ་བསྐྱོད་རྒྱུ་ལས། གཅིག་སྒྲིལ་དང་འཆམ་མཐུན་གྱི་ཐོག་ནས་སྤྱི་པའི་མི་ཞིག་བྱ་རྒྱུའི་འབད་བརྩོན་བྱེད་མཁན་ད་ལྟ་མཐོང་ཡུལ་དུ་མེད་པ་ལྟ་བུར་གྱུར་འདུག ཕྱི་ལོ་༢༠༡༦ ལོའི་འོས་བསྡུ་ཆེན་མོ་དང་། ཁ་མཆུ་ཨང་༢༠ པ། ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་ཀྱི་རྩོད་རྙོག་དང་འབྲེལ་བའི་ཁ་ཕྱོགས་བཅས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོཌ་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་སོང་།
ད་ཆ་མི་མང་གིས་འོས་འདེམས་བྱས་ཤིང་ལས་འགན་ཡོད་པའི་འགོ་ཁྲིད་མི་སྣ་དང་། མི་མང་བཅས་ཚང་མའི་ངོས་ནས་ནང་ཁུལ་གྱི་རྩོད་རྙོག་ལ་རིག་པ་རྩེ་གཅིག་ཏུ་སྒྲིམ་པ་ལས། བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་གོ་སྐབས་ག་རེ་ཡོད་མེད་ཐད་བསམ་བློ་གཏོང་མཁན་ཧ་ཅང་ཉུང་དུ་སོང་ཡོད་པ་དང་། སྲིད་སྐྱོང་གིས་གཙོས་པའི་འགོ་ཁྲིད་དག་གིས་ཀྱང་ཤོག་ཁག་འཐེན་འཁྱེར་གྱི་ཐོག་ནས་རྐུབ་སྟེགས་དང་དབང་ཆ་འཛིན་ཐབས་བྱེད་པ་ལས། བོད་དོན་འཐབ་རྩོད་ཐོག་དམིགས་བསལ་ནུས་པ་འདོན་ཐབས་བྱེད་བཞིན་པ་ཧ་ཅང་མཐོང་དཀོན། བཙན་བྱོལ་སྤྱི་ཚོགས་འདིར་ཆབ་སྲིད་ཀྱི་ཐོག་ནས་ནུས་པ་མེད་པ་དང་། དཔལ་འབྱོར་གྱི་ཐོག་ནས་སློང་རྒྱག་པ་ལས་ཚོང་རྒྱག་མི་འོས་པའི་སྲིད་བྱུས་གཙོ་བོར་བཟུང་ཡོད་པས་ཡར་རྒྱས་སུ་འགྲོ་རྒྱུའི་རེ་བ་ཆེན་པོ་མེད་ལ། ༧གོང་ས་མཆོག་དགུང་ན་བགྲེས་པོར་ཕེབས་ཟིན་པ་དང་། སྐུ་འཁོར་ནང་རེ་བ་ཆེན་པོ་ཞུ་ཡུལ་ཞིག་ཡོད་མེད་བཤད་དཀའ་བས། བཙན་བྱོལ་བོད་མིའི་ཁ་ཕྱོགས་འདི་ལ་འགྱུར་བ་གཏོང་ཐུབ་པའི་རེ་བ་ཆུང་དུ་འགྲོ་བཞིན་ཡོད།
མདོར་ན་ད་ལྟ་རྒྱལ་སྤྱིའི་ཁ་ཕྱོགས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་ལ་གོ་སྐབས་གསེར་ལྟ་བུ་ཡོད་པ་དེ་གཞུང་འབངས་ཚང་མས་དམ་འཛིན་བྱེད་མ་ཐུབ་ན་བོད་དོན་འཐབ་རྩོད་ཀྱི་གྱོང་གུད་ཆེ་ཤོས་ཡིན་པ་དང་། ཐོག་མ་བོད་མི་རྣམས་ལ་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་ནུས་པ་སླར་གསོ་ཡོང་ཐབས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། བོད་མིའི་ངོས་ནས་དགྲ་བོ་རྒྱ་དམར་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཆུང་དུ་འགྲོ་བཞིན་པ་དང་། ནང་ཁུལ་གྱི་འགལ་ཟླ་ལ་ཁ་གཏད་ཀྱི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་ཐུབ་པའི་བསམ་བློ་འདི་ལྟ་བུ་ཞིག་རྒྱ་ཁྱབ་ཏུ་གྱུར་ཟིན་པས། བོད་དོན་འཐབ་རྩོད་ཀྱི་ནུས་པ་གཙོ་བོ་བོད་མི་རང་ཉིད་ལ་ཡོད་དགོས་པ་དང་། དེའི་རྗེས་སུ་རྒྱལ་སྤྱིའི་སྟེང་གི་གོ་སྐབས་དམ་འཛིན་ཐུབ་པའི་རེ་བ་རྒྱག་དགོས། དེ་ལྟར་བྱེད་མ་ཐུབ་ན་འཐབ་རྩོད་ཕར་ཞོག བོད་མིའི་སྒྲིག་འཛུགས་ཀྱང་རྒྱུན་རིང་གནས་དཀའ་བས་ཆེ་ས་ནས་བོད་དོན་འཐབ་རྩོད་སྤྱི་དང་། ཆུང་ས་ནས་བཙན་བྱོལ་བོད་མི་ཉམ་ཆུང་དག་གི་འཚོ་གོས་ལའང་གྱོང་གུད་ཕོག་རྒྱུ་ཉག་གཅིག་ཏུ་འགྱུར་ངེས།།