རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ནས་རྒྱང་རྒྱུགས་འགྲན་བསྡུར་ཞིག་གོ་སྒྲིག་གནང་སོང་།

བོད་ཀྱི་བང་ཆེན་གསར་ཁང་གི་པར།

ལོ་ལྟར་ཕྱི་ཟླ་༡༢ ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། དེ་རིང་ཚེས་༡༠ ཉིན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་ཆེད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་ཆེད་དུ་རྡ་ས་ཁུལ་ལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྟེ། བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་ཀྱི་བུད་མེད་ཚོགས་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ཀྱི་གོ་སྒྲིག་འོག་རྒྱང་རྒྱུགས་འགྲན་བསྡུར་ཞིག་གནང་སོང་། 

སྐབས་དེར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐུན་མོང་ནས་བསྒྲགས་གཏམ་ཞིག་སྤེལ་སོང་བ་དང་། བསྒྲགས་གཏམ་དེའི་ནང་དུ། དེ་རིང་གི་ཉིན་མོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ལོ་ངོ་༧༥ འཁོར་གྱི་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ནང་དམིགས་བསལ་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་ཉིན་མོར་བརྩི་བཞིན་ཡོད། དེ་ཡང་འཛམ་གླིང་ནང་དམངས་གཙོ་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་དང་། མི་མང་ཐུན་མོང་གི་མངོན་འདོད་གཞི་རྩར་བཟུང་སྟེ། འཛམ་གླིང་ཐོག་གི་ཁྲིམས་ལུགས་དང་རིག་གཞུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་རིགས་དང་། རྒྱལ་ཁབ་ཀྱི་སྐུ་ཚབ་འཐུས་མིས་གྲོས་བསྡུར་རིམ་པར་བྱས་པའི་ཐོག་དངོས་སུ་ཟིན་བྲིས་སུ་བཏབ་ནས་ཕ་རན་སིའི་རྒྱལ་ས་པེ་རེ་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ཆེན་ཐོག་ཡོངས་ཁྱབ་བསྒྲགས་བསྐྱངས་ཡོད། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། འཛམ་གླིང་འདིའི་ནང་གི་འགྲོ་བ་མིའི་རིགས་ཡོངས་རྫོགས་སྐྱེས་པ་ཙམ་ནས་རང་ཆས་སུ་ཡོད་པའི་རང་དབང་དང་། ཆེ་མཐོང་། འདྲ་མཉམ་སོགས་སུས་ཀྱང་འཕྲོག་མི་རུང་བའི་ཐོབ་ཐང་དུ་ངོས་འཛིན་བྱས་ཡོད་པ་ནི་འཛམ་གླིང་འདིའི་ནང་ཞི་བདེ་དང་འདྲ་བདེན། རང་དབང་བཅས་ཡོང་ཐབས་ཀྱི་རྨང་གཞིར་གྲུབ་ཡོད་པར་བརྗོད། ཡིན་ནའང་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ནི་འགྲོ་བ་མིའི་གཤིས་སྤྱོད་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་རྡུང་རྡེག་གཏོང་བའི་གནས་ཚུལ་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། སྨྲ་བརྗོད་རང་དབང་དང་ཆོས་ལུགས་རང་དབང་། བཙན་ཤེད་ཀྱིས་མཉམ་བསྲེས་བྱེད་པའི་སྲིད་བྱུས་དེས་བོད་ཀྱི་རིག་གནས་ཀྱི་ངོ་བོ་ལ་གཏོར་བརླག་བཏང་བ་དང་། ཆུ་གློག་དང་ཆུ་རགས་ལྟ་བུའི་འཛུགས་སྐྲུན་ལས་གཞི་ཆེ་གྲས་ཀྱིས་མང་ཚོགས་གནས་སྤོ་བྱེད་བཅུག་པ་དང་། བོད་ཀྱི་དགོན་པ་གཏོར་བརླག་བཏང་བ། བྱ་སྤྱོད་དེ་དག་གིས་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་ཙམ་མ་ཡིན་པར་བོད་ཀྱི་རིག་གནས་ཀྱི་འཚོ་གནས་ལ་ཉེན་ཁ་བཟོ་ཡི་ཡོད་པར་བརྗོད་འདུག ད་དུང་བོད་ནང་བཙན་གནོན་བྱེད་བཞིན་པ་དེས་དབང་འཛིན་སྲིད་གཞུང་གིས་བཏོན་པའི་འགྲན་སློང་རྒྱ་ཆེ་བ་ཞིག་མཚོན་གྱི་ཡོད། རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་སུ་རང་དབང་དང་དམངས་གཙོ་། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་རྩ་དོན་དེ་དག་རྒྱུན་འཁྱོངས་བྱེད་པར་ཐག་གཅོད་ཀྱི་བྱ་སྤྱོད་སྤེལ་དགོས་པ་དང་། ལྷག་པར་དུ་བོད་མི་རིགས་ལྟ་བུའི་བཙན་གནོན་དང་མཐའ་མཚམས་སུ་གནས་པའི་མང་ཚོགས་ཁག་ལ་འགོག་རྒོལ་བྱེད་དགོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྲུང་བརྩི་དང་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། རྡ་སའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་མཉམ་འབྲེལ་ཐོག་རྡ་སར་མེག་གྷན་ཁྲོམ་གཞུང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱང་རྒྱུགས་འགྲན་བསྡུར་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་ཚོས་ཞི་བའི་ཐོག་ནས་རང་དབང་དང་དྲང་བདེན་གྱི་ཆེད་དུ་བཀག་ཉར་བྱེད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་པའི་སྐུལ་སློང་བྱེད་ཆེད་མི་རིགས་འདྲ་མིན་ཁག་༧༠ ལྷག་གིས་ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པར་བརྗོད་འདུག དེ་རིང་ང་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སྟོང་ཕྲག་མང་པོའི་སྙིང་སྟོབས་ལ་གཟེངས་བསྟོད་བྱེད་ཀྱི་ཡོད་པ་དང་། ཁོང་ཚོའི་འཐབ་རྩོད་ཀྱིས་རྒྱལ་སྤྱིའི་འགྲོ་བ་མི་ཐོབ་ཐང་ལྷན་ཚོགས་ནས་རྒྱུན་གནས་ཀྱི་འབྲེལ་བ་དེ་གསལ་སྟོན་བྱེད་པ་དང་། འཛམ་གླིང་ལ་བྱ་སྤྱོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ཁས་ལེན་དང་བརྩི་བཀུར་བྱེད་དགོས་པ་མ་ཟད། བོད་ནང་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བཀའ་མོལ་དང་གླེང་སློང་ཆེ་རུ་གཏོང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་གནང་སོང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།