རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཕྱི་ལོ་༢༠༢༤་ཡི་ལོ་འཁོར་སྙན་ཐོའི་ནང་བོད་དོན་གླེང་།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ལོ་འཁོར་སྙན་ཐོའི་ནང་། རྒྱ་གཞུང་གིས་བོད་ནང་གི་གནས་ཚུལ་ལ་དམ་དྲག་དང་བོད་མི་ཚོ་ལ་དྲག་གནོན། བཙན་བྱོལ་བོད་མི་དང་དྲྭ་ཐོག་འབྲེལ་བ་བྱེད་མཁན་ཚོ་འཛིན་བཟུང་གིས་ལོ་མང་བཙོན་འཇུག་བྱས་པ་དང་། སྡེ་དགེའི་ནང་རྒྱ་གཞུང་གི་ཆུ་ཤུགས་གློག་ཁང་རྒྱག་བཞིན་པར་ངོ་རྒོལ་བྱེད་མཁན་མང་པོ་འཛིན་བཟུང་བྱས་ཡོད་པ་སོགས་བཀོད་འདུག

པར། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ།

ཟླ་འདིའི་ཚེས་༡༦ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཕྱི་ལོ་༢༠༢༤ ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་པའི་ནང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་ནང་གི་གནས་ཚུལ་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་ཡུལ་མི་གནས་སྤོ་བྱེད་དུ་བཅུག་པ། གཞི་རིམ་སློབ་གྲྭའི་ནང་བོད་ཡིག་ཟུར་དུ་ཕུད་པ་སོགས་ཀྱི་སྐོར་མང་ཚོགས་ཀྱི་སེམས་འཚབ་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པ།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། རྒྱ་གཞུང་གི་དོ་དམ་མམ་བཀག་སྐྱིལ་འོག་ཡོད་མཁན་བོད་མི་མང་ཆེ་བ་ནི་དྲྭ་ཐོག་ཏུ་ཆོག་མཆན་མེད་པའི་གནས་དོན་བཀོད་པ་དང་། བཙན་བྱོལ་བོད་མི་དང་དྲྭ་ཐོག་འབྲེལ་བ་བྱས་པའི་ནག་ཉེས་ཕོག་ཚུལ་གྱིས་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་འདྲའི་ནག་ཉེས་ཕོག་པའི་བོད་མི་རྣམས་ལོ་མང་བཙོན་འཇུག་བྱས་ཡོད་པ་དང་།

ཕྱི་ཟླ་༢ དང་༣ པའི་ནང་། སྡེ་དགེ་ལ་ཆུ་ཤུགས་གློག་ཁང་རྒྱག་བཞིན་པ་དེས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་དང་ས་གནས་གྲོང་སྡེ་མང་པོ་ཆུའི་འོག་ཏུ་ནུབ་རྒྱུ་ཡིན་པར་ངོ་རྒོལ་བྱེད་མཁན་སྐྱ་སེར་བརྒྱ་ཕྲག་མང་པོ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་བཅས་འཁོད་འདུག

རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་དང་འབྲེལ། སྙན་ཐོའི་ནང་དུ། རྒྱ་ནག་ནང་གི་བརྙན་འཕྲིན་དང་རླུང་འཕྲིན། པར་སྐྲུན་ཁང་སོགས་མང་ཆེ་བ་རྒྱ་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། ན་ནིང་ཕྱི་ཟླ་དང་པོའི་ནང་ཧྲང་ཧེའི་ཉེན་་རྟོག་པས་གློག་བརྙན་བཟོ་མཁན་Chen Pinlin ཟེར་བ་ཞིག་གིས་ཕྱི་ལོ་༢༠༢༢ ལོ་ཤོག་བུ་དཀར་པོའི་ངོ་རྒོལ་ཐོག་དངོས་བྱུང་གློག་བརྙན་ཞིག་བཟོས་པར་བརྟེན། ཁོང་འཛིན་བཟུང་བྱས་ཡོད་པ་ལྟ་བུའི་གནས་ཚུལ་ལོ་གཅིག་ནང་མང་པོ་བྱུང་ཡོད་པ་དང། ཨི་ཊ་ལི་ལ་སྐྱབས་བཅོལ་དུ་ཡོད་པའི་རྒན་ལི་(Li) ཟེར་བ་ཞིག་གིས་རྒྱ་ནག་ནང་གི་གསར་འགྱུར་དང་བརྙན་ཐུང་མཁོ་སྒྲུབ་བྱས་ནས་ཨིག་སི་དྲྭ་ལམ་ཐོག་ཏུ་སྤེལ་གྱི་ཡོད་པར་བརྟེན། ཨི་ཊ་ལི་རུ་་ཁོང་ལ་འཇིགས་སྐུལ་བྱེད་མཁན་བྱུང་བ་མ་ཟད། རྒྱ་ནག་ཏུ་ཁོང་གི་རྗེས་འབྲང་པ་ཚོ་ལ་ཡང་འདྲི་རྩད་བྱས་པར་བརྗོད། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རི་ལ་འབྱོར་སྐབས། རྒྱ་གཞུང་དང་འབྲེལ་བ་ཡོད་པའི་མི་སྣས་བོད་པ་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་ལས་འགུལ་བ་ཚོར་རྡུང་རྡེག་དང་འཇིགས་སྐུལ་བྱས་པ་སོགས། རྒྱ་གཞུང་གིས་གནས་ཚུལ་སྟངས་འཛིན་བྱེད་ལུགས་དེ་རྒྱ་ནག་ནང་ཙམ་མ་ཟད་རྒྱལ་སྤྱིའི་ནང་དུ་ཡང་ཁྱབ་ཡོད་པར་བཀོད་འདུག
དེ་བཞིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་བསྒྱུར་བྱས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་། རྒྱལ་ཡོངས་སུ་དམ་དྲག་ཆེ་རུ་བཏང་བ་དང་། རྒྱ་ནག་ནང་རང་དབང་ལྡན་པའི་སྤྱི་དམངས་ཚོགས་པ་མེད་པ་མ་ཟད། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་རང་དབང་བཅས་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་གནོད་འཚེ་བཏང་བ། ལྷག་པར་དུ་རིག་གཞུང་དང་མི་རིགས་ཐ་དད་ཡིན་པའི་བོད་པ་དང་ཡུ་གུར་བ་ནི་ཉེན་ཁ་ཞིག་ཏུ་བརྩིས་ནས་དམིགས་བསལ་གྱིས་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར། གཞན་ཡང་རྒྱལ་ཁབ་ཁག་གིས་རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ངོས་འཛིན་བྱས་ཀྱང་། རྒྱ་ནག་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་དང་དགག་པ་བྱས་མེད་པ་སོགས་བཀོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།