རྒྱལ་སྤྱིའི་རྩེད་མོའི་ཚོགས་པ་ཆེ་ཤོས་ཤིག་གིས་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི འགྲན་བསྡུར་ཚང་མ་མཚམས་འཇོག་བྱས་འདུག

 རྒྱལ་སྤྱིའི་རྩེད་མོའི་ཚོགས་པ་ཕལ་ཆེ་བས་སྒོར་མོའི་ཆེད་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བསྟུན་ཐབས་ཞེ་ཅིག་བྱེད་བཞིན་ཡོད་རུང་། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་(The Women’sTennis association) ནས་རྒྱ་ནག་གི་རྩེད་འགྲན་པ་ཕན་ཧྲུའུ་(Peng Shuai) ཡི་གནས་སྟངས་གང་ཡིན་པ་གསལ་པོ་མེད་པར་བརྟེན་ ༢༠༢༢ ལོར་རྒྱ་ནག་དང་ཧོང་ཀོང་དུ་འཚོགས་གཏན་འཁེལ་བའི་འགྲན་བསྡུར་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག 

ཟླ་འདིའི་ཚེས་༢ གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་ཀྱི་ཚོགས་གཙོ་སི་ཏྲ་ཝི-སཱ་མོན་(Steve Simon) གྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང། རྒྱའི་རྩེད་འགྲན་པ་ཕན་ཧྲུ་ཡི་བདེ་འཇགས་ཀྱི་གནས་སྟངས་ལ་བརྟེན་ནས་རྩེད་མོའི་ཚོགས་པ་དེས་ལོ་རྗེས་མར་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་འགྲན་བསྡུར་ཚང་མ་མཚམས་འཇོག་བྱེེད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་འདུག 

རྒྱ་ནག་གི་སྐད་གྲགས་ཆེ་བའི་རྩེད་འགྲན་བ་ཕན་ཧྲུའུ་ཡིས་ཟླ་སྔོན་མའི་འགོ་སྟོད་དུ་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་དང་། སྲིད་བློན་གཞོན་པ་བྱེད་མྱོང་བའི་ཀྲང་གྷོ་ལེ་(Zhang Gaoli) ལ་བཙན་གཡེམ་གྱི་ཉེས་འཛུགས་བྱས་རྗེས། རྒྱ་ནག་གཞུང་གིས་མོའི་དྲ་བྱང་ནག་བསུབ་གཏོང་བ་དང་། མོའི་མིང་དང་། འདྲ་པར། གནས་ཚུལ་རྣམས་དྲ་ཐོག་ནས་མཐོང་ཡུལ་དུ་མེད་པ་བཟོ་བ་སོགས་བྱས་ནས་མོའི་ཁ་འགོག་ཐབས་བྱས་ན་ཡང་། གནས་ཚུལ་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་དོ་སྣང་དང་སེམས་འཚབ་ཧ་ཅང་ཆེན་པོ་བྱས་པ་མ་ཟད། འཛམ་གླིང་སྟེང་གི་སྐད་གྲགས་ཆེ་ཤོས་ཀྱི་ཊེ་ནི་སིིའི་རྩེ་འགྲན་པ་རྣམས་དང་། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་ནས་མོའི་བདེ་འཇགས་ལ་སེམས་འཚབ་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན་པས། རྒྱ་ནག་གཞུང་གིས་ཕན་ཧྲུའུ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་གཉིས་དྲ་ཐོག་བརྒྱུད་དེ་ཐུག་འཕྲད་དང་གླེང་མོལ་བྱེད་བཞིན་པའི་འདྲ་པར་བཀྲམ་ནས་མོ་བདེ་ཐང་དང་རང་དབང་ཡིན་པའི་རྣམ་པ་སྟོན་ཐབས་བྱས་འདུག 

ཡིན་ན་ཡང་། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་ཀྱི་ཚོགས་གཙོའི་བསྒྲགས་གཏམ་ནང་། ཁོང་གིས་“ད་ལྟ་ང་ཚོས་ཕན་ཧྲུའུ་གང་དུ་ཡོད་པ་ཤེས་ན་ཡང་། ཁོང་བདེ་ཐང་ཡིན་མིན་དང་། རང་དབང་ཡོད་མེད། བཙན་ཤེད་དང་འཇིགས་སྐུལ་འཕྲད་ཀྱི་ཡོད་མེད་བཅས་ལ་དོགས་པ་ཆེན་པོ་ཡོད་”ཅེས་བྲིས་པའི་ཐོག རྒྱ་ནག་གི་འགོ་ཁྲིད་ཚོས་གནད་དོན་ཚབས་ཆེན་དེ་ཡང་དག་པའི་ལམ་ནས་སེལ་ཐབས་མ་བྱས་པར་སེམས་ཕམ་ཡོད་ཚུལ་བརྗོད་འདུག 

གཞན་ཡང་། ཁོང་གིས་“བསམ་བློ་ཡག་པོ་ཞིག་བཏང་ན། རྒྱ་ནག་གིས་ཕན་ཧྲུའུ་ལ་རང་དབང་ངང་གླེང་མོལ་བྱེད་དུ་མི་འཇུག་པ་དང་། སོ་སོའི་བཙན་གཡེམ་གྱི་ཉེས་འཛུགས་ཕྱིར་འཐེན་བྱེད་དུ་འཇུག་པའི་དུས་སུ། ང་ཚོས་རྩེད་འགྲན་པ་རྣམས་དེར་(རྒྱ་ནག་)རྩེད་འགྲན་བྱེད་དགོས་ཞེས་བཤད་ཐབས་བྲལ་ཡོད་”ཅེས་བཤད་པའི་ཐོག ད་ལྟའི་གནས་སྟངས་ལ་བལྟས་ན། ༢༠༢༢ ལོར་རྒྱ་ནག་ཏུ་རྩེད་མོའི་འགྲན་བསྡུར་འཚོགས་པ་ཡིན་ན། རྩེད་འགྲན་པ་དང་ལས་བྱེད་གཞན་རྣམས་ལའང་ཉེན་ཁ་འཕྲད་སྲིད་པའི་སེམས་འཚབ་ཡོད་སྐོར་བསྣན་ཡོད་འདུག 

རྒྱལ་སྤྱིའི་གསར་ཁང་ཆེ་ཤོས་གཅིག་སྟེ། ནེའུ་ཡོག་དུས་བབ་(New York Times) ཀྱིས་ད་ལྟ་“རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་དེ་རྒྱ་ནག་སྒེར་གཅོད་སྲིད་གཞུང་ལ་ཁ་གཏད་གཅོག་མཁན་གྱི་རྒྱལ་སྤྱིའི་རྩེད་མོའི་ལྷན་ཚོགས་གཅིག་པུ་དེ་ཆགས་ཡོད་པའི་”འགྲེལ་བརྗོད་བྱས་འདུག་པ་མ་ཟད། རྩེད་མོའི་ལྷན་ཚོགས་ཀྱི་ཚོགས་གཙོས་དེ་གའི་གསར་ཁང་ལ་གལ་སྲིད་རྒྱ་ནག་གིས་རྩེད་འགྲན་པ་ཕན་ཧྲུའུ་ལ་རང་དབང་མ་སྤྲད་ནས་འུ་ཐུག་ཐབས་ཟད་དུ་གྱུར་བ་ཡིན་ན། རྩེད་འགྲན་ལྷན་ཚོགས་ཀྱི་ངོས་ནས་“རྒྱ་ནག་ཏུ་ཚོང་ལས་གཉེར་མཚམས་འཇོག་”གི་ཡིན་ཚུལ་ཡང་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།