རྒྱལ་སྤྱིའི་ལྷན་ཚོགས་ཐོག་ནས་བོད་ཀྱི་ཁོར་ཡུག་ལ་འགན་ཁུར་དགོས།

ཟླ་འདིའི་ཚེས་༢༩ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཚོགས་ལ་ཉེ་བའི་ཧྥ་རན་སིའི་རྒྱལ་ས་པཱ་རེ་སིར་ཀོབ་༢༡་ (UN COP21) ལྷན་ཚོགས་ཀྱི་གནམ་གཤིས་སྐོར་གྱི་གླེང་གཞིའི་སྐབས། བོད་ཀྱི་གནམ་གཤིས་ལ་འགན་ཁུར་ལག་བསྟར་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

sftལས་འགུལ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱིས་གོ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་མེག་གྷན་ཁྲོམ་གཞུང་དུ་རྒྱ་ནག་གི་བཙན་འཛུལ་འོག་བོད་ནང་དུ་འབྲོག་པ་གནས་སྤོ་དང་། གཏེར་ཁ་སྔོག་འདོན། ཆུ་བོ་ཁ་བསྒྱུར་གྱིས་ཆུ་མཛོད་རྒྱག་པ་སོགས་ཀྱིས་ཁོར་ཡུག་གཏོར་བཤིག་ཚབ་ཆེན་འགྲོ་ཡི་ཡོད་པ་གསལ་སྟོན་ཆེད་བོད་ཀྱི་འབྲོག་པ་གནས་སྤོ་དང་སྒོ་ཕྱུག་ལ་དཀའ་ངལ་འཕྲད་སྟངས་སྐོར་གྱི་འཁྲབ་སྟོན་ཞིག་བྱས་པ་དང་མཉམ་དུ་ཐེངས་འདིའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་འགན་ཁུར་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད།

དེ་བཞིན་ཁྲོམ་གཞུང་དུ་རྒྱ་གར་དང་ཕྱི་རྒྱལ་ཡུལ་སྐོར་བ་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྒྱུད་ལམ་དུ་འགྲེལ་བརྗོད་བྱས་ཡོད་པ་རེད།

tselhaརྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས། “ང་ཚོས་ཁྲོམ་གཞུང་ཟློས་གར་འདི་འཁྲབ་སྟོན་བྱ་དགོས་དོན་ནི་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཆགས་ཡོད་པ་དེ་གསལ་འདོན་བྱ་ཆེད་ཡིན། བོད་ཀྱི་འཁྱགས་རོམ་ནི་འཛམ་གླིང་བྱང་རྩེའི་གནས་སྟངས་ཇི་བཞིན་ཆག་འཇིག་གི་གནས་སུ་གྱུར་ཡོད། བོད་ཀྱི་གནམ་གཤིས་ཚ་དྲོད་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་དྲོད་འཕར་ཚད་ལས་ལྡབ་གཉིས་མྱུར་པ་ཡིན། བོད་མཐོ་སྒང་ནི་འཇིག་ཉེན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་པས་ངེས་པར་དུ་དེར་སྲུང་སྐྱོབ་བྱ་དགོས། འོན་ཀྱང་། རྒྱ་གཞུང་གིས་ཐུན་མོང་མ་ཡིན་པའི་ས་ཆ་འདིར་གཞི་རྒྱ་ཆེ་བའི་ཆུ་མཛོད་བརྒྱ་ཕྲག་མང་པོ་དང་གཏོང་སྐྱོན་ཆེ་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེར་བརྩམས་དང་རྩོམ་བཞིན་པ་དེས། ཁོར་ཡུག་རང་བཞིན་གྱི་གཏོར་བརླག རྩ་ཆེ་ཞིང་ཐུན་མོང་མ་ཡིན་པའི་བོད་ཀྱི་རང་བྱུང་ཁམས་ལ་གཏོར་སྐྱོན་ཆག་འཇིག་བཟོ་བཞིན་ཡོད་པ་རེད་”ཅེས་བརྗོད་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་ཚེ་བསྟན་གྱིས་དབྱིན་སྐད་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གཏམ་བཤད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་ལྷན་ཚོགས་དེའི་ཐོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལས་གྲུབ་པའི་ ཚོགས་ཆུང་གི་ཚོགས་མི་ཆེད་བཅར་བྱས་ཡོད་པ་དང་། ལས་འགུལ་འདི་བརྒྱུད་ནས་འཛམ་གླིང་མཐོ་རིམ་མགོ་ཁྲིད་ཚོར་བོད་འཛམ་གླིང་གི་སྣེ་མོ་གསུམ་པའི་ཆེད་དུ་གནམ་གཤིས་དོ་ཁུར་གྱི་ལས་དོན་ལག་བསྟར་བྱ་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་པ་རེད།

sft1ཉིན་དེར་ལས་འགུལ་བས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འབོད་སྐུལ་སྐོར་འཁོད་དོན། པཱ་རེ་སི་ཡི་ལྷན་ཚོགས་སྟེང་། ས་ཁུལ་འཚོ་སྡོད་རིག་གནས་དང་གནམ་གཤིས་འགྱུར་ལྡོག་ཞི་འཇམ་སྙོམས་སྒྲིག་ལ་ངོས་འཛིན་མཉམ་ལས་བྱེད་སྐབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་དང་གོ་ལའི་ཚ་དྲོད་ ༡་༥ བར་སྙོམས་སྒྲིག་ཡོང་ཐབས་བཅས་ཀྱི་ཐོག་གྲོས་ཆོད་ཅིག་འཇོག་ཐུབ་པ་གནང་རོགས།

བོད་ཀྱི་འབྲོག་པ་ཚོར་སོ་སོར་བདག་པའི་རྩྭ་སའི་བདག་དབང་སྤྲོད་རྒྱུ་དང་ཨེ་ཤ་ཡའི་ཆུའི་མགོ་ཁུངས་ལ་རྒྱག་བཞིན་པའི་ཆུ་མཛོད་ལས་གཞི་རིགས་མཚམས་འཇོག་ཡོང་པར། རྒྱ་ནག་གཞུང་ལ་འགན་མ་ཁུར་པའི་བོད་ནང་གི་ཁོར་ཡུག་སྲིད་ཇུས་རིགས་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྐུལ་འདེད་གནང་རོགས།

ང་ཚོས་བོད་ཀྱི་གཙང་བོ་དག་འབབ་ཡུལ་གྱི་རྒྱལ་ཁབ་བཅུ་ལ་འབོད་སྐུལ་ཞུ་རྒྱུར། ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མཉམ་སྤྱོད་ཀྱི་ཡུལ་དུ་གྱུར་པའི་བོད་ཀྱི་གཙང་པོ་དག་སྔར་བས་སྲུང་སྐྱོབ་ཡོང་ཐབས་དང་། ཆུ་དང་ཟས་རིགས་སྲུང་སྐྱོབ། དཔལ་འབྱོར་གྱི་བདེ་འཇགས། རང་བྱུང་ཁམས་ཀྱི་བདེ་འཇགས་བཅས་ཀྱི་ཆེད་དུ་བོད་ནང་ལ་རྩོམ་བཞིན་པའི་རྒྱ་ནག་གཞུང་གི་ཆུ་མཛོད་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རིགས་འཕྲལ་དུ་རང་འགུལ་གྱིས་མཚམས་འཇོག་ཡོང་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཤུགས་ཆེར་ཞུ་རྒྱུ་ཡིན།

དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་དེ་གསུམ་མཉམ་འབྲེལ་ཐོག་ལྡི་ལིར་བོད་ཀྱི་ཆེད་དུ་གནམ་གཤིས་དོ་ཁུར་ལག་བསྟར་གྱི་བདུན་ཕྲག་ཅེས་པའི་ལས་འགུལ་དང་ལྷན་དུ། བོད་ཀྱི་གཙང་བོ་ཁག་འབབ་ཡུལ་གྱི་རྒྱལ་ཁབ་ ༡༡ གི་གཞུང་ཚབ་ཁང་དག་ལ་ཞུ་གཏུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཕྱི་རུ་ཁྲོམ་གཞུང་ཟློས་གར་འཁྲབ་སྟོན། ཕྱི་ཚེས་ ༢༩ ཉིན་འཛམ་གླིང་ཁྱོན་ཡོངས་སུ་གནམ་གཤིས་དོ་ཁུར་གོམ་བགྲོད་བྱེད་ཀྱི་ཡོད་པའི་དུས་དང་བསྟུན་ལྡི་ལི་རུ་ང་ཚོས་བོད་ཀྱི་གནམ་གཤིས་དོ་ཁུར་ཟེར་བའི་གོམ་བགྲོད་ལས་འགུལ་ཞིག་གོ་སྒྲིག་ལས་འགུལ་སྤེལ་གྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།