རྒྱལ་སྤྱིའི་སྟག་གི་ཉིན་མོ་སྲུང་བརྩི།

ཟླ་འདིའི་ཚེས་༢༩ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་དུས་རབས་གཅིག་གི་ནང་དུ་ཁྲིམས་འགལ་གྱིས་སྟག་ལྤགས་སོགས་ཀྱི་ཚོང་བརྒྱབ་པ་དང་། ཞིང་ལས་དང་བཟོ་ལས་བཅས་ཀྱི་འཛུགས་སྐྲུན་དུ་མའི་དབང་གིས་སྟག་གི་འཚོ་གནས་མེད་པ་གྱུར་བ། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྒྱུ་མཚན་དུ་མ་ལ་བརྟེན་ནས། འཛམ་བུ་གླིང་ཁྱོན་ཡོངས་ལ་སྟག་གི་བརྒྱ་ཆ་༩༧% མེད་པ་གྱུར་ཡོད་པ་དང་། དེ་ལྟར་མུ་མཐུད་ནས་སྟག་ལ་སྲུང་སྐྱོབ་མ་བྱས་ཚེ། ནམ་ཞིག་སྟག་རྩ་སྟོང་དུ་འགྲོ་ཉེན་ཡོད་པ་མཐོང་ནས། སྤྱི་ལོ་༢༠༡༠་ནས་རྒྱལ་སྤྱིའི་སྟག་གི་ཉིན་མོ་སྲུང་བརྩི་བྱེད་འགོ་བཙུགས་ཡོད་འདུག དུས་དེ་ནས་བཟུང་ད་ལྟའི་བར་དུ་ལོ་ལྟར་སྤྱི་ཟླ་༧ ཚེས་༢༩ ཉིན་རྒྱལ་སྤྱིའི་སྟག་གི་ཉིན་མོ་སྲུང་བརྩི་ཞུས་ནས་ཚོགས་པ་ཁག་དང་མི་སྒེར་སོགས་ལ་སྟག་གི་གལ་ཆེན་རང་བཞིན་དང་། སྟག་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་རྒྱུ་གལ་འགངས་ཆེ་རབས་ཀྱི་ཐོག་ལ་གོ་རྟོགས་སྤེལ་གྱི་ཡོད་འདུག

སྟག་ཅེས་པའི་སེམས་ཅན་དེ་ནི་རྒྱ་གར་དང་བལ་ཡུལ། རྒྱ་ནག་དང་ལྷོ་ཀོ་རི་ཡ་གཙོས་པའི་ཁྱོན་བསྡོམས་ཨེ་ཤི་ཡའི་རྒྱལ་ཁབ་བཅུ་གསུམ་གྱི་ནང་དུ་སྟག་ཡོད་པ་དང་། ད་ལྟའི་ཆར་འཛམ་བུ་གླིང་ཁྱོན་ཡོངས་ལ་སྟག་གི་གྲངས་འབོར་ནི་སུམ་སྟོང་དགུ་བརྒྱ་ཙམ་ཡོད་འདུག

སྤྱི་ལོ་༡༩༧༣ ལོར་སྟག་ནི་རྒྱ་གར་གྱི་རྒྱལ་ཁབ་ཀྱི་སེམས་ཅན་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་ལ། ད་ལྟའི་ཆར་རྒྱ་གར་གྱི་ནང་དུ་སྟག་སྲུང་སྐྱོབ་ཁུལ་ལྔ་བཅུ་ང་གཉིས་ཙམ་ཡོད་པ་དང་སྟག་སྲུང་སྐྱོབ་ཀྱི་དོན་དུ་རྒྱ་གར་གྱིས་སྟག་སྲུང་སྐྱོབ་ཀྱི་ལས་འཆར་ཐོག་ཏུ་ལོ་སྟར་ཧིན་སྒོར་འབུམ་ཕྲག་མང་པོ་གཏོང་བཞིན་ཡོད་འདུག་པ་མ་ཟད། ད་ལྟའི་ཆར་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་སྟག་གི་བརྒྱ་ཆ་༧༠% ནི་རྒྱ་གར་གྱི་ནང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།