རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་སྐབས་སུ་མེ་འཁོར་ལ་གཏོར་རྒོལ།
འདི་ལོའི་རྒྱལ་སྤྱིའི་ཨོ་ལེན་པིག་རྩེད་འགྲན་ཆེན་མོ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་ནང་འགོ་འཛུགས་བྱས་ཟིན་ཡོད་པ་དང་། གཟའ་པ་སངས་ཉིན་མཛད་སྒོ་འགོ་འཛུགས་མ་བྱས་པའི་ཆུ་ཚོོད་འགའ་ཤས་སྔོན་ཧ་ཅང་མགྱོགས་ཚད་ཆེ་བའི་མེ་འཁོར་གཅིག་གི་འབྲེལ་མཐུད་དྲྭ་རྒྱར་གཏོར་རྒོལ་བཏང་ཡོད་འདུག་ཀྱང་། མི་ཤི་རྨས་དོན་རྐྱེན་སོགས་གང་ཡང་བྱུང་ཡོད་མི་འདུག
ཕྱི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། འདི་ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་ཕྱི་ཚེས་༢༦ ཉིན་འགོ་འཛུགས་བྱས་ཡོད་པ་དང་། སྐབས་དེ་དུས་ཧྥ་རན་སི་གཞུང་གིས་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་བདེ་འཇགས་མི་སྣ་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་ཡོད་འདུག་པ་དང་། རྒྱུ་མཚན་ནི་ད་ཆར་ཡུག་རེན་དང་ཨུ་རུ་སུ་གཉིས་བར་དམག་འཁྲུག་རྒྱག་བཞིན་ཡོད་ཅིང་། ཨི་སི་རེལ་དང་པ་ལི་སི་ཐན་བར་དམག་འཁྲུག་རྒྱག་བཞིན་ཡོད་པར་བརྟེན། འདིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་མི་མང་ཁྲོད་གཏོར་རྒོལ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་རྐྱེན་གྱིས་ཡིན་འདུག འོན་ཀྱང་། ཕྱི་ཚེས་༢༦ ཉིན་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་འཛུགས་མ་བྱས་པའི་ཆུ་ཚོད་འགའ་ཤས་ཀྱི་སྔོན་དུ། ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ནང་ས་ཕྱོགས་གང་སར་ནས་ལྟད་མོ་བ་ཁྲི་ཚོ་མང་པོ་ཡོང་བཞིན་པའི་སྐབས་སུ་ཧྥ་རན་སིའི་ཧ་ཅང་མགྱོགས་ཚད་ཆེ་བའི་མེ་འཁོར་ཅིག་གི་འབྲེལ་མཐུད་དྲྭ་ལམ་ལ་གཏོར་རྒོལ་ཚབས་ཆེན་ཕོག་ནས་ཁྱོན་ལྟད་མོ་བ་འབུམ་གསུམ་ཙམ་ཞིག་ཆུ་ཚོད་གསུམ་གྱི་རིང་རྗེས་ལུས་ཐེབས་ཡོད་འདུག འོན་ཀྱང་། ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་འབྲེལ་མཐུད་དྲྭ་ལམ་བསྐྱར་བཟོ་ཐུབ་ནས་འགྲུལ་པ་རྣམས་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་མ་བྱས་སྔོན་དུ་འབྱོར་ཐུབ་ཡོད་འདུག ཐེངས་འདིའི་དྲྭ་རྒྱའི་གཏོར་རྒོལ་དེ་ཨུ་རུ་སུས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེ་འདྲ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ཀྱང་། དངོས་སུ་སུ་ཡིན་མིན་ད་དུང་ཤེས་རྟོགས་བྱུང་ཡོད་མི་འདུག དོན་རྐྱེན་དེ་དང་འབྲེལ་ནས་ཧྥ་རན་སིའི་ནང་ཡོད་པའི་ཨུ་སུ་རུའི་མི་སྣ་འགའ་ཤས་འཛིན་བཟུང་བྱས་ཡོད་འདུག
འདི་ལོའི་ཨོ་རྩལ་འགྲན་ཚོགས་དེ་ཕྱི་ཟླ་༧ པའི་ཚེས་༢༦ ནས་ཕྱི་ཟླ་༨ པའི་ཚེས་༡༡ བར་འཚོགས་འཆར་ཡོད་འདུག་པ་དང་། འགོ་འཛུགས་མཛད་སྒོ་དེ་ཕྱི་ཚེས་༢༦ ཉིན་གྱི་དགོང་མོའི་ཆུ་ཚོད་༧ དང་ཕྱེད་ཀའི་ཐོག་འགོ་འཛུགས་བྱས་ཡོད་འདུག འདི་ལོའི་རྩལ་འགྲན་ནང་ཁྱོན་རྒྱལ་ཁབ་༢༠༦ དང་རྩེད་འགྲན་པ་ཁྱོན་༧༠༠༠ ལྷག་ཡོད་འདུག དབུ་འབྱེད་མཛད་སྒོའི་སྐབས་སུ་འཛམ་གླིང་ནང་སྒྱུ་རྩལ་བ་གྲགས་ཅན་དང་ཆེས་མཐོའི་དཔོན་རིགས་མང་པོ་ཕེབས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།