རྔ་པ་རྫོང་ཐོག་ཏུ་གྲྭ་པ་ཞི་རྒོལ་བ་ཞིག་འཇུ་བཟུང་།

lobsang_tsering1_2016_6_7ཟླ་འདིའི་ཚེས་༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚུད་༤ ཙམ་ལ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚེ་རིང་གིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གནམ་ལ་འཕྱར་ནས་“རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་”ཞེས་པའི་འབོད་ཚིག་སྒྲོག་བཞིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པས་འཇུས་ཡོད་འདུག

lobsang_tsering_2016_6_7རྒྱ་ནག་གཞུང་གིས་ས་གནས་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང། ད་ལྟ་ཁོང་རིང་ལོ་༢༠ ལྷག་ཡིན་འདུག ཁོང་ནི་རྔ་པ་ལྷ་སྡེ་འགབ་མའི་ཕ་ཤེས་རབ་(མཚང་མིང་ལ་སྔོ་རས་ཟེར་)དང་། མ་གཡུ་ཁོ་གཉིས་ཀྱི་བུ་ཡིན་ཞིང་།  རྔ་བ་ཀིརྟི་དགོན་གྱི་གྲྭ་ཚང་བཞིའི་ཡ་གྱལ་དུས་འཁོར་གྲྭ་ཚང་གི་གྲྭ་པ་ཡིན་སྐོར་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།