རྔ་པ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་རྒྱ་གཞུང་གིས་འཇུ་བཟུང་བྱས།
ཟླ་འདིའི་ཚེས་༢༦ ཉིན་བོད་མདོ་སྨད་རྔ་པ་རྫོང་ཐོག་གི་གཞུང་ལམ་དུ་བཀྲ་ཤིས་ཀྱིས་“བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་བྱས་པ་དང་། དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བཀྲ་ཤིས་ནི་ད་ལྟ་རང་ལོ་༣༡ ཡིན་པ་དང་། བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཐག་བཀྲ་ཚང་གི་མག་པ་ཡིན་འདུག བཟའ་ཟླ་སྐལ་པེ་དང་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་བཅས་ཕྲུ་གུ་བཞི་ཡོད་པ་དང་། ཕྲུ་གུ་གཉིས་རྨེའུ་རུ་མ་ཡུལ་ཚོའི་སློབ་གྲྭར་འགྲོ་བཞིན་ཡོད་འདུག
དེ་མིན་ཕྱི་ཟླ་༩ ཚེས་༡༠ ནས་རྔ་པ་རྫོང་གི་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ད་ལྟ་ཡང་དྲ་སྒོ་ཕྱེས་མེད་པ་དང་། རྫོང་ཐོག་ཡོངས་ལ་ཉེན་རྟོག་པས་དུས་རྟག་ཏུ་བྱ་ར་བྱེད་མུས་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།