རྔ་ལ་དཔག་པའི་འཆམ་ཞིག་རྒྱག་རན།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༥༡།
རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཁོར་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་ཆེས་ཛ་དྲག་གི་ཐོག་ནས་ཁ་གཏད་དུ་འགྱུར་བཞིན་འདུག ཊོམ་སྲིད་གཞུང་གིས་ཨ་རི་གཙོ་བོར་འཛིན་པའི་སྲིད་བྱུས་མངོན་གསལ་གྱིས་བསྒྲགས་ཡོད་པ་དང་། འཛམ་གླིང་ཁྱོན་ཡོངས་ནས་ཨ་རི་མུ་མཐུད་ཨང་དང་པོར་གནས་པར་ཁ་གཏད་ཆེ་ཤོས་རྒྱ་ནག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག ཨ་རིས་རྒྱ་ནག་ལ་ཕྱོགས་གང་ཐད་ནས་ཁ་གཏད་ཀྱི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་ཡོད་པའི་ནང་ནས། ད་ལྟའི་ཆར་ཨ་རིའི་ཁྱོན་ཡོངས་སུ་རྒྱ་རིགས་སློབ་མ་རྣམས་ཕྱིར་འཕུད་བྱ་རྒྱུ་དང་། མ་འོངས་པར་རྒྱ་ནག་གི་སློབ་ཕྲུག་ལ་ཨ་རིར་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་མིན་པ་མ་ཟད། ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་རིགས་སློབ་ཕྲུག་ཧ་ཅང་མང་པོ་ཡོད་པ་དང་། དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བུ་མོས་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་གང་མང་ཞིག་གི་བུ་ཕྲུག་ཀྱང་ཚུད་ཡོད་པ་སོགས་རྒྱུ་མཚན་དུ་དྲངས་འདུག
ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོས་ཊོམ་སྲིད་གཞུང་གི་སྲིད་བྱུས་ལ་མོས་མཐུན་མ་བྱས་པར། ད་ལྟའི་ཆར་མཐོ་སློབ་དེ་དང་སྲིད་གཞུང་དབར་ཁ་གཏད་ཀྱི་རྣམ་པ་ཤུགས་ཆེ་ཐོན་ཡོད་པ་དང་། སྲིད་གཞུང་གིས་མཐོ་སློབ་དེར་སྤྲོད་བཞིན་པའི་རོགས་དངུལ་ཡང་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་པ་དེ། གཙོ་བོ་རྒྱ་རིགས་སློབ་ཕྲུག་རྣམས་ལ་བརྟེན་ནས་དམ་དྲག་བྱས་པ་ཞིག་ཡིན་ཡང་། རྒྱ་མི་ཙམ་མ་ཡིན་པར་དེ་ལ་བརྟེན་ནས་ཨ་རིའི་ནང་ཕྱི་རྒྱལ་གྱི་སློབ་ཕྲུག་སྤྱི་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་ཉེན་ཁ་ཡོད་འདུག ད་ལྟའི་ཆར་རྒྱ་ནག་ཏུ་ཚན་རིག་ལག་རྩལ་དང་འཕྲུལ་ཆས་ཡར་རྒྱས་ཆེན་པོ་སོང་དང་འགྲོ་བཞིན་པ་དག་རྒྱ་ནག་གིས་གསར་གཏོད་བྱས་པ་ཞིག་མ་ཡིན་པར། མང་ཆེ་བ་ཨ་རིར་སློབ་སྦྱོང་བྱེད་མཁན་དང་ལས་ཀ་བྱེད་མཁན་རྒྱ་མི་རྣམས་ཀྱིས་ཨ་རིའི་རིག་རྩལ་གྱི་གསང་བ་རྐུ་འཁྱེར་བྱས་པ་ཡིན་པས། མ་འོངས་པར་ཨ་རིའི་རིག་རྩལ་འཕྲུལ་ལས་ཀྱི་གསང་བ་དེ་དག་རྒྱ་གཞུང་གི་ལག་ཏུ་མི་འཆོར་བ་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཚུལ་རྗོད་བཞིན་འདུག
ཨ་རིས་ཐའེ་ཝན་དེ་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་རྣམ་འགྱུར་ཕྱོགས་གང་ས་ནས་མཐོང་རྒྱུ་ཡོད་པ་དང་། ཊོམ་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་དེ་ཡང་ལོ་རྒྱུས་ཐོག་ནས་རྒྱུན་མཐུད་པའི་རྒྱ་ནག་རྒྱལ་ཁབ་དེ་མ་ཡིན་པར། དམར་ཤོག་ཚོགས་པས་དབང་བསྒྱུར་བའི་སྲིད་གཞུང་ཙམ་ཞིག་ཏུ་ངོས་འཛིན་བྱ་རྒྱུའི་རྣམ་འགྱུར་དེ་ཡང་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ནས་ཡང་ཡང་སྟོན་བཞིན་འདུག ཨ་རི་དང་པོ་བྱ་རྒྱུའི་སྲིད་བྱུས་ཀྱི་གཞི་རྟེན་གཙོ་བོ་ལྟ་གྲུབ་ལ་བརྟེན་ནས་མ་ཡིན་པར། དཔལ་འབྱོར་གྱི་ཁེ་བཟང་ཁོ་ན་ལ་དམིགས་ཡོད་པས། མ་འོངས་པར་རྒྱ་ནག་དང་འབྲེལ་བའི་ཐོག་ནས་ཨ་རི་ལ་དཔལ་འབྱོར་གྱི་ཁེ་བཟང་ཆེན་པོ་ཞིག་རག་པའི་དབང་དུ་བཏང་ན། ད་ལྟ་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་ངེས་ཡིན་པ་སྨྲོས་མེད་རེད། སྤྱི་ཡོངས་ནས་ཆབ་སྲིད་ཀྱི་འགལ་འབྲེལ་དེ་རྟག་བརྟན་ཞིག་མིན་པ་མ་ཟད། ལྷག་པར་ཊོམ་གྱི་སྲིད་བྱུས་ནི་དབྱར་དུས་ཀྱི་གནམ་གཤིས་བཞིན་འགྱུར་བ་འགྲོ་ཆོག་ཆོག་ཅིག་ཡིན།
དེང་སྐབས་ཨ་རིའི་སྲིད་བྱུས་ནང་བོད་དོན་དེ་གལ་གནད་ཆེན་པོ་མིན་པ་ཞིག་ཏུ་འགྱུར་བཞིན་པ་དེ་ཡང་གཙོ་བོ་བཙན་བྱོལ་བོད་གཞུང་གི་བོད་རྒྱའི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་ཡུལ་ཐོག་ནས་ཨ་རིར་ཁེ་ཕན་གང་ཡང་མེད་པ་དང་། མ་འོངས་པར་བོད་རྒྱའི་གནད་དོན་ཐོག་ནས་རྒྱ་གཞུང་ལ་ཁ་གཏད་ཀྱི་དམིགས་ཡུལ་ཆེན་པོ་ཞིག་མེད་ན། ཨ་རི་དང་། རྒྱ་གར་སོགས་རྒྱལ་ཁབ་ཁག་གིས་ཁོང་ཚོའི་ཁེ་ཕན་དང་མ་འབྲེལ་བའི་ཐོག་ནས་དོན་ཕན་ལྡན་པའི་བོད་དོན་རྒྱབ་སྐྱོར་ཞིག་བྱེད་མི་སྲིད། སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་རོགས་རམ་ཙམ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་ཆོག་པ་ཙམ་ལས། རྒྱལ་སྤྱིའི་ཐོག་ནས་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱེད་སྟངས་དེ་ལན་དང་རྣམ་སྨིན་ལ་རེ་བ་མེད་མཁན་གཅིག་ཀྱང་མེད། བོད་པས་ཀྱང་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཁོ་ནར་རེ་བ་བརྒྱབ་ནས་བོད་དོན་མི་འགྲུབ་ནའང་། རྒྱལ་ཁབ་སོ་སོའི་ཁེ་ཕན་དང་མཉམ་དུ་བོད་དོན་བསྒྲུབ་རྒྱུའི་གོ་སྐབས་ངེས་པར་དུ་འཚོལ་ཆེད་རྔ་ལ་དཔག་པའི་འཆམ་ཞིག་རྒྱག་རན་འདུག
མདོར་ན་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་ཕྱོགས་དབུ་མའི་ལམ་ཡིན་པས་རྒྱ་གཞུང་གིས་ཐག་གཅོད་བྱེད་རྩིས་མེད་པ་ཕྱི་ལོ་༡༩༧༤ ནས་མི་ལོ་༥༠ ལྷག་གི་ཉམས་མྱོང་ལས་ཤེས་ཐུབ་པ་དང་། ད་ཆ་རྒྱལ་སྤྱིའི་སྟེང་ནས་བོད་པས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བས་དམིགས་བསལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཕལ་ཆེར་མེད་པར་འགྱུར་བཞིན་ཡོད་ལ། ཕྱི་ལོ་༢༠༠༢ ནས་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་ཀྱི་རྣམ་པ་ཐོན་རྗེས་བཙན་བྱོལ་ནང་དབུ་ལམ་དྲིལ་བསྒྲགས་དང་། རང་བཙན་གྱི་ལངས་ཕྱོགས་བཟུང་ན་མི་འགྲིག་པའི་ཁྱབ་བསྒྲགས་བྱས་པར་བརྟེན་བཙན་བྱོལ་ནང་། རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དཀོན་དུ་སོང་ཡོད་ཀྱང་། སྤྱི་འཐུས་རང་བཙན་ཚོགས་འདུར་སོང་ན་ཁྲིམས་གཏུག་བྱ་རྒྱུ་ཡིན་ཚུལ་མངོན་གསལ་གྱིས་བརྗོད་ཕོད་མཁན་བྱུང་བའི་གནས་སྟངས་ལ་བལྟས་ན། ད་ནི་བོད་དོན་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་ཉམས་ཞན་དུ་སོང་ཡོད་པ་མཚོན་ཐུབ་པས། ཁ་ཕྱོགས་སམ་གནས་སྟངས་འདི་ལ་བསྒྱུར་བཅོས་ཤིག་ངེས་པར་དུ་གཏོང་རན་འདུག་སྙམ།།