རྗེ་ཙོང་ཁ་པ་སྐུ་གཤེགས་ནས་ལོ་༦༠༠ འཁོར་བའི་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག

ཕྱི་ལོ་༢༠༡༩ ལོ་འདིར་རྗེ་ཙོང་ཁ་པ་སྐུ་ཞི་བར་གཤེགས་ནས་ལོ་༦༠༠ ཧྲིལ་པོ་འཁོར་གྱི་ཡོད་པར་བརྟེན། ཁོང་ལ་རྗེས་དྲན་དང་། ཁོང་གི་དགོངས་པ་རྫོགས་ཕྱིར། ཁོང་ལ་མཆོད་སྤྲིན་འབུལ་སླད་དུ། ལོ་འཁོར་མ་འདི་ཆ་ཚང་རྗེ་ཙོང་ཁ་པའི་ལོ་སྲུང་བརྩི་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ནས་སྤེལ་གནང་སོང་།

དེ་ཡང་ཟླ་འདིའི་ཚེས་༢༢ ཀྱི་སྔ་དྲོའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཏེ་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་པའི་འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་། སེ་ར་བྱེས་སྨད་གཉིས། རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་མཁན་པོ་དང་། དེ་བཞིན་དགེ་ལུགས་ཀྱི་སྤྱི་འཐུས་གཉིས་བཅས་ལྷན་བཞུགས་ཐོག་ནས་༢༠༡༩ ལོ་འདི་ཆ་ཚང་རྗེ་ཙོང་ཁ་པ་སྐུ་ཞི་བར་གཤེགས་ནས་ལོ་ངོ་༦༠༠ ལ་ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་ལོ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དང་སྒོ་མང་གི་མཁན་པོ་བློ་བཟང་རྒྱལ་མཚན་གྱིས་སྒྲོག་སྦྱངས་གནང་བ་དང་། སྐབས་དེར་ལོ་འདི་རྗེ་ཙོང་ཁ་པའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་ནི་ཉེ་སྔོན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཏེ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དབུས་པའི་མཁན་རིན་པོ་ཆེ་བཅུ་གཅིག་ལྷན་བཞུགས་ཀྱི་ཚོགས་ཆེན་ཐོག་ནས་གྲོས་ཆོད་བཞག་པའི་དགོངས་དོན་ལྟར་ཡིན་པ་རེད། གཞན་ཡང་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་སྲུང་བརྩི་ཞུ་བའི་ལོ་ཧྲིལ་པོ་འདིའི་མཛད་རིམ་ནི་༢༠༡༩ ཟླ་ཚེས་༡ ནས་༡༨ བར་དབུ་མ་སྙིང་པོ་དང་དབུ་མ་རྒྱན་བཅས་ཀྱི་བགྲོ་གླེང་གནང་རྒྱུ་དེ་གནང་ཟིན་ཡོད་པ་དང་། དེ་མིན་༢༠༡༩ ཟླ་༢ ཚེས་༡༩ ནས་དམིགས་བརྩེ་མ་ས་ཡ་༦༠༠ གྲངས་གསོག་ལས་རིམ། ༢༠༡༨ ཟླ་༡༠ ཚེས་༢༠ ནས་༢༠༡༩ ཟླ་ ༩ ཚེས ༣༠ བར་རྗེ་ཙོང་ཁ་པའི་སྣང་བརྙན་༡༠༠༠ མང་ཚོགས་ལ་འགྲེམ་སྤེལ་གྱི་ལས་རིམ། ༢༠༡༨ ཟླ་༡༡ ཚེས་༢༠ ནས་༢༠༡༩ ཟླ་༩ ཚེས་༣༠ བར་སྟོན་པའི་སྣང་བརྙན་༡༠༠༠ སེར་སྐྱ་མི་མང་ལ་འགྲེམ་སྤེལ་གྱི་ལས་རིམ། ༢༠༡༩ ཟླ་༡ ཚེས་༥ ནས་༢༠༡༩ ཟླ་༡༢ ཚེས་༢༠ བར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དེབ་གྲངས་༤༠ ཙམ་ཞིག་དཔར་སྐྲུན་འགྲེམ་སྤེལ་དང་རིན་མེད་འཕྲུལ་དེབ་ཕབ་ལེན་བྱེད་ཆོག་པའི་ལས་རིམ། ༢༠༡༩་ཟླ་༣ ཚེས་༡༥ ནས་༢༠༡༩ ཟླ་༡༢ ཚེས་༡༥ བར་རྗེ་རིན་པོ་ཆེ་ལྟ་སྒོམ་སྤྱོད་གསུམ་དང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་འབྲེལ་བའི་དཔྱད་རྩོམ་དང་སྙན་རྩོམ། ལོ་རྒྱུས་བཅས་འགྲན་སྡུར། ༢༠༡༩ ཟླ་༣ ཚེས་༡༥ ནས་༢༠༡༩ ཟླ་༡༢ ཚེས་༡༥་བར་བློ་རྒྱུགས་འགྲན་སྡུར་ལས་རིམ། ༢༠༡༩ ཟླ་༡༠ ཚེས་༡༡ ནས་༢༠༡༩ ཟླ་༡༠ ཚེས་༡༡ ནས་༢༠༡༩ ཟླ་༡༠ ཚེས་༡༣ བར་ཧོང་ཀོང་དུ་གསུང་ཆོས་ཀྱི་མཛད་རིམ། ༢༠༡༩ ཟླ་༡༡ ཚེས་༢༢ ནས་༢༠༡༩ ཟླ་༡༡ཚེས་༢༤ བར་མ་ལེ་ཤི་ཡར་གསུང་ཆོས་མཛད་རིམ། ༢༠༡༩ ཟླ་༡༢ ཚེས་༢༨་ནས་༢༠༢༠ ཟླ་༡ ཚེས་༣ བར་སྨོན་ལམ་འཕར་མའི་མཛད་རིམ། ༢༠༢༠ ཟླ་༢ ཚེས་༡ ནས་༢༠༢༠ ཟླ་༢ ཚེས་༡ བར་ཕྱི་རྒྱལ་མཁས་པ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་མཁས་པ་རྣམས་གདན་ཞུས་ཐོག་ནས་རྟེན་འབྲེལ་སྐོར་དམིགས་བསལ་གྱི་བགྲོ་གླེང་ལས་རིམ་བཅས་ཀྱི་གྲ་སྒྲིག་འགྲོ་བཞིན་པ་ཡིན་འདུག དེ་བཞིན་འཇམ་འགོན་བླ་མ་ཙོང་ཁ་ཆེན་པོ་སྐུ་གཤེགས་ནས་ལོ་༦༠༠ འཁོར་བར་སྲུང་བརྩི་ཞུ་རྒྱུ་ལོ་གཅིག་འདིའི་ནང་ལ་རྗེ་རིན་པོ་ཆེའི་གསུང་གི་བདུད་རྩི་མྱོང་བཞིན་པའི་ཚོགས་པ་དགོན་སྡེ་སོགས་སེར་སྐྱ་མི་མང་མི་རེ་ངོ་རེ་ནས་རང་གི་འཇོན་ཚོད་ཀྱིས་རྗེ་རྒྱལ་བ་གཉིས་པའི་གསུང་གི་ལེགས་བཤད་ཁག་ངོ་སྤྲོད་ཀྱིས་མཚོན་པའི་ལས་རིམ་རྒྱ་གང་ཆེ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་སོང་། །

གསར་འགོད་པ་བསྟན་འཛིན་ལམ་བཟང་།