རྗོ་བྷའེ་ཌན་གྱིས་ཨ་རིའི་བར་མའི་འོས་བསྡུར་ཟིང་འཁྲུག་ཆེན་པོ་ལང་ཉེན་ཡོད་སྐོར་བརྗོད་འདུག 

ཨ་རིའི་བར་མའི་འོས་བསྡུ་སླེབས་ཉེ་བ་དང་བསྟུན། སྤྱི་མཐུན་ཚོགས་པའི་འོས་མི་དང་རྒྱབ་སྐྱོར་བ་མང་པོ་ཞིག་གིས་གལ་ཏེ་ཁོ་ཚོར་ཕམ་ཁ་བྱུང་ཚེ། འོས་བསྡུར་དྲང་བདེན་བྱུང་མེད་པ་ངོས་འཛིན་གྱིས་གྲུབ་འབྲས་ཁས་ལེན་བྱེད་རྒྱུ་མིན་པའི་སྡིགས་བསྐུལ་བྱེད་ཀྱི་ཡོད་པས། སྲིད་འཛིན་རྗོ་བྷའེ་ཌན་གྱིས་བྱ་སྤྱོད་དེ་རིགས་ཀྱིས་ཨ་རིའི་ནང་ཟིང་འཁྲུག་ཆེན་པོ་ལང་ཉེན་ཡོད་སྐོར་བརྗོད་འདུག 

ཟླ་༡༡ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༨ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་ཡིན་པ་དང་། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་བརྟེན་ནས་ཨ་རིའི་ནང་སྲིད་བྱུས་དང་ཁྲིམས་སྒྲིག་གཏན་འབེབས་སོགས་ཀྱི་ལས་དོན་གལ་ཆེན་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་རེད། 

ཉེ་ཆར་ཨ་རིའི་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་དེ་བཞིན་མངའ་སྡེའི་སྲིད་སྐྱོང་ལས་གནས་སོགས་སུ་འོས་འགྲན་བྱེད་མཁན་སྤྱི་མཐུན་ཚོགས་པའི་འོས་མི་༥༩༥ ནས་༣༠༦ ཡིས་ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་དོགས་པ་ཡོད་སྐོར་བརྗོད་འདུག་པ་དང་། ད་ལྟའི་ཆར་སྤྱི་མཐུན་ཚོགས་པའི་འོས་མི་མང་པོ་ཞིག་དང་ཁོ་ཚོའི་རྒྱབ་སྐྱོར་བ་ཚོས། གལ་ཏེ་འོས་བསྡུར་རང་ཉིད་ཕམ་ཁ་བྱུང་ཚེ་འོས་བསྡུ་དྲང་བདེན་བྱུང་མེད་པ་ངེས་གཏན་ཡིན་པས་གྲུབ་འབྲས་ཁས་ལེན་བྱེད་རྒྱུ་མིན་པའི་སྡིགས་བསྐུལ་བྱེད་ཀྱི་ཡོད་འདུག

གནད་དོན་དེ་རིགས་དང་འབྲེལ་ནས་ཚེས་༢ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས། སྲིད་འཛིན་ཟུར་པ་ཊོམ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ཨ་རི་ནང་དུ་རྫུན་དང་དཀྲོག་གཏམ་ཁྱབ་སྤེལ་བཏང་ནས་ངན་ཇུས་བཤོམ་བཞིན་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་འོས་མི་ཁག་ཅིག་གིས་རང་ཉིད་ལ་འོས་བསྡུའི་ཕམ་ཁ་བྱུང་ཚེ་ཁས་ལེན་བྱེད་རྒྱུ་མིན་པའི་སྡིགས་བསྐུལ་བྱེད་བཞིན་པ་དེ་རིགས་ནི་ཊོམ་གྱིས་སེམས་འགུལ་བཏང་བ་ཡིན་པས། ལམ་ཁ་དེ་ལ་བརྟེན་ནས་ཨ་རི་ནང་ཟིང་འཁྲུག་ཆེན་པོ་ལང་ཉེན་ཡོད་པ། ཊོམ་གྱིས་ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་དོན་ཁས་ལེན་མ་བྱས་ནས་འོས་བསྡུ་རྐུ་འཕྲོག་བྱས་པའི་རྫུན་བཤད་བཞིན་ཡོད་པ། དེ་ལ་བརྟེན་ནས་ཁོའི་རྒྱབ་སྐྱོར་བ་ཚོས་ཨ་རིའི་རྒྱལ་སར་ཟིང་འཁྲུག་བསླངས་ཡོད་ཁར། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སིའི་སྐུ་ཟླར་དྲག་རྒོལ་བྱས་པའི་གནས་ཚུལ་ལྷག་ཡོད་པས། ཊོམ་གྱི་རྫུན་དེས་སྲིད་དོན་གྱི་དྲག་སྤྱོད་ཉེན་ཚབས་ཅན་དང་། འོས་འཕེན་པ་ཚོར་སྡིགས་བསྐུལ་གྱི་བྱ་སྤྱོད་བརྒྱུད་བསྐུལ་བྱས་ཡོད་སྐོར་བརྗོད་ནས། ཨ་རིའི་འོས་འཕེན་པ་ཚོས་ཆིག་སྒྲིལ་གྱི་ཐོག་ནས་སྲིད་དོན་གྱི་དྲག་སྤྱོད་ལ་ཁ་གཏད་གཅོག་དགོས་པའི་སྐུལ་མ་བྱས་འདུག 

སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་སྲིད་འཛིན་རྗོ་བྷའེ་ཌན་གྱི་སྐད་ཆར་སྐྱོན་བརྗོད་བྱས་ཏེ། སྲིད་འཛིན་ཁོང་གི་སྲིད་བྱུས་ལ་བརྟེན་ནས་ཨ་རིའི་ནང་འཚོ་བའི་རིན་གོང་འཕར་བཞིན་ཡོད་པས། ཁོས་སྐད་ཆ་དེ་རིགས་བཤད་ནས་མི་མང་གི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དང་། ཨ་རིའི་མི་མང་རྣམས་དུམ་བར་གཏོང་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

ཉེ་ཆར་ཨ་རིའི་མངའ་སྡེ་ཨེ་རཱི་ཛོ་ནཱ་ནང་དུ་ཊོམ་གྱི་རྒྱབ་སྐྱོར་བ་ཚོར་སྐབས་རེ་མཚོན་ཆ་འཁྱེར་བ་དང་སྐབས་རེ་མེ་མདའི་མདེའུ་འགོག་ཆེད་ཀྱི་སྟོད་གོས་གྱོན་ནས། འོས་ཤོག་སྔ་སྣུར་འཕེན་མཁན་ཚོར་བསུན་གཙེར་བཟོ་ཡི་ཡོད་པའི་གནས་ཚུལ་ལྷག་འདུག་པ་དང་། གཞུང་གི་ཁྲིམས་དཔོན་ཞིག་གིས་མི་དེ་དག་བཀག་འགོག་བྱེད་དགོས་པའི་བཀའ་བཏང་ཡོད་འདུག 

བསམ་ཤོག་བསྡུ་ལེན་ཁག་ཅིག་གི་གྲུབ་དོན་དུ། ཨ་རིའི་གྲོས་ཚོགས་འོག་མ་དེ་སྤྱི་མཐུན་ཚོགས་པའི་སྟངས་འཛིན་འོག་སླེབས་པའི་ངེས་པ་ཆེན་པོ་ཡོད་པ་དང་། གྲོས་ཚོགས་གོང་མ་དེ་ཚོགས་པ་གཉིས་ཀར་རྒྱལ་ཁ་ཐོབ་པའི་ངེས་པ་ཡོད་པ་རེད་འདུག དེ་བཞིན་ཨ་རིའི་མི་མང་ཕྱེད་ཀ་ལྷག་གིས་ཨ་རིའི་ནང་འོས་བསྡུར་གཡོ་ཟོལ་གྱི་དཀའ་ངལ་ཡོད་པ་ངོས་འཛིན་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply