རྟེན་འབྲེལ་མ་ཡག་དྲིལ་བུའི་ཆག་སྐད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༣  ཕྱི་ལོ་ ༢༠༡༦/༢/༢༤
བོད་མིའི་སྒྲིག་འཛུགས་ཀྱི་སྐབས་འདིའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་རྒྱབ་སྐྱོར་བའི་མིང་ཁུར་མཁན་དག་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་དང། ཡིག་ཐོག་ནས་དཀྲོག་གཏམ་དང་སྒྲོ་འདོགས། གཞི་མེད་སྐུར་འདེབས་སོགས་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་རྩོད་གླེང་འདི་དག་ནི། གནས་སྐབས་སྲིད་སྐྱོང་གི་འོས་གཞི་འབུམ་རམས་པ་བློ་བཟང་སེང་གེ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱི་རྒྱབ་སྐྱོར་བའི་མིང་ཁུར་མཁན་དག་གིས་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་གྱི་འོས་གཞི་ལ་ཕན་པ་དང། གཞན་དེ་འོས་བསྡུའི་འགྲན་རྩོད་ཁྲོད་ཕམ་ཉེས་གཏོང་ཐུབ་པའི་ཆེད་དུ་དམིགས་མཁན་ཡོད་ངེས་རེད་ལ། ཁག་ཅིག་གིས་དེའི་བར་དུ་རྒྱབ་སྐྱོར་བའི་མིང་ཁུར་ནས་ཆེད་དུ་དཀྲུག་ཤིང་རྒྱག་མཁན་ཡང་ཡོད་ས་རེད། འཇིིགས་སྐུལ་གྱི་བཟོ་ལྟ་བུའི་པར་རིས་དང་ཡིག་ཆ་ཁག་ཅིག་ནི་འོས་གཞི་གང་རུང་གི་རྒྱབ་སྐྱོར་བས་ཆེད་དུ་ཁ་གཏད་ནག་པོ་བཟོ་ཆེད་རང་གི་པར་རིས་ལ་འདྲ་མིན་སྣ་ཚོགས་བཟོས་ནས་འགྲེམས་སྤེལ་བྱེད་བཞིན་ཡོད་པ་ལྟ་བུ་ཡང་མཐོང་རྒྱུ་འདུག
སྲིད་སྐྱོང་གི་ས་མིག་གཅིག་ལས་མེད་པས་འོས་གཞི་གཅིག་འཆོར་རྒྱུ་ཡིན་པ་ནི་བཤད་མི་དགོས་པ་རེད། ད་ལྟ་འགྲོ་བཞིན་པའི་དཀྲོག་གཏམ་དེ་དག་འོས་བསྡུའི་རྗེས་སུ་ལྷིང་འཇགས་སུ་འགྲོ་དང་མི་འགྲོ། རྩོད་གླེང་དེ་དག་ལ་བརྟེན་ནས་མ་འོངས་པར་བོད་པའི་སྤྱི་ཚོགས་ཀྱི་གཅིག་སྒྲིལ་དང། བོད་པའི་རྩ་དོན་འཐབ་རྩོད་ལ་གནོད་དང་མི་གནོད་ནི་གལ་ཆེ་ཤོས་ཀྱི་གནད་དོན་ཁོ་ན་ཡིན་ལ། སྲིད་སྐྱོང་སུ་སླེབས་ཀྱང་ཡུན་ཚན་ལོ་ལྔ་རེ་ལས་མེད་པས་ཧང་སངས་པའི་གནད་དོན་ཞིག་གང་ཡང་མིན་ནའང། བོད་པའི་ཆིག་སྒྲིལ་དང་འཐབ་རྩོད་ལ་ཤུགས་རྐྱེན་ངན་པ་ཐེབས་སོང་ན་དེ་ནི་བུ་རབས་ཚ་བརྒྱུད་ལ་གནོད་པའི་བྱ་བ་ཞིག་ཏུ་གྱུར་ཡོད། ད་ལན་གྱི་རྩོད་གླེང་དེའི་ཁ་ཕྱོགས་ནི་བོད་མི་རིགས་ཀྱི་འཐབ་རྩོད་དང་ཆིག་སྒྲིལ་བཅས་ལ་གནོད་པ་འབའ་ཞིག་ལས་མེད། འདི་ལྟར་མུ་མཐུད་ནས་སོང་ན། ༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ནས་རིམ་པས་བོད་དོན་ཡང་འཇའ་ལྟར་ཡལ་རྒྱུ་ལས་མེད་པས་འཐབ་རྩོད་ཀྱི་ཐོག་ནས་གནས་སྟངས་འདི་དག་རྟེན་འབྲེལ་མ་ཡག་དྲིལ་བུའི་ཆག་སྐད་ཅེས་པ་ལྟ་བུར་གྱུར་འདུག
ད་ལན་སྲིད་སྐྱོང་གི་རྒྱབ་སྐྱོར་བའི་མིང་ཁུར་ནས་རྩོད་གླེང་དག་ལ་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་བགྲོ་གླེང་གི་ལེགས་ཆ་ཏིལ་འབྲུ་ཙམ་ཞིག་མངོན་རྒྱུ་མེད་པ་ནི། ཧ་ཅང་བློ་ཕམ་དགོས་པའི་གནད་དོན་ཞིག་ཡིན་ལ། སྤྱི་ཚོགས་ནང་གླེང་ཕྱོགས་གཙོ་བོ་གཅིག་ནི་དུས་འཁོར་དབང་ཆེན་དང་འབྲེལ་བའི་སྐོར་ཡིན་པ་དང། དུས་འཁོར་དབང་ཆེན་དང་འབྲེལ་བའི་གནད་དོན་དེ་མདོ་ཧྲིལ་གྱིས་དྲིལ་ན། མ་འོངས་པར་བོད་ཀྱི་སྲིད་སྐྱོང་དེ་དུས་འཁོར་དབང་ཆེན་ཙམ་གོ་སྒྲིག་བྱེད་ཐུབ་མཁན་ཞིག་ཡིན་ན་དེ་ཁོ་ནས་འགྲིག་པ་ལྟ་བུའི་བསམ་ཚུལ་ཞིག་བོད་མི་མང་པོ་ཞིག་གི་སེམས་ནང་དུ་ཡོད་པ་འདྲ། ཕྱོགས་གཅིག་ནས་བཙན་བྱོལ་བོད་པའི་བསམ་བློ་གཏོང་ཕྱོགས་དང་ཕུགས་འདུན་ཆུང་ཆུང་དེའི་ཐོག་ནས་བལྟས་ན་དེ་ལྟ་བུ་ཡིན་སྲིད་ནའང། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་བསྐྱར་གསོ་དགོས་པའི་ཛ་དྲག་གི་དུས་སྐབས་འདིར་དུས་འཁོར་དབང་ཆེན་གོ་སྒྲིག་ཇི་ལྟར་དགོས་མིན་དང་བྱེད་མིན་དེ་གལ་ཆེ་ཤོས་ཤིག་གང་ཡང་མིན་སྙམ།
སྐབས་འདིའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་རྩོད་གླེང་གི་ཁ་ཕྱོགས་གཙོ་བོ་ཞིག་རང་བཙན་དང་ལམ་དབུ་མའི་ཐོག་གི་རྩོད་པ་ཞིག་བྱུང་ཡོད་ལ། ཁ་ཤས་ཀྱིས་དེ་ལ་ཉོབ་སྣང་དང་མི་འདོད་པའི་རྣམ་འགྱུར་བསྟན་ནས། རྩོད་གླེང་འདིའི་ཤུགས་རྐྱེན་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཁ་འཐོར་དུ་འགྲོ་ངེས་རེད་ཅེས་ཤོད་མཁན་མང་པོ་འདུག་ཀྱང། དོན་དུ་རྩ་དོན་དང་འབྲེལ་བའི་རྩོད་གླེང་ནི་ཕུགས་རྒྱང་རིང་པོ་དང། འཕྲལ་ཕུགས་གཉིས་ཐོག་ནས་རྩོད་གླེང་དེ་དགོས་ངེས་ཤིག་ཡིན་པ་ལས། དེ་ལ་བརྟེན་ནས་རྦད་དེ་སྤྱི་ཚོགས་ཁ་འཐོར་དུ་འགྲོ་མི་སྲིད་པ་རེད། ད་ལན་ཆོལ་ཁའི་ཆབ་སྲིད་དང། དཔུང་སྒྲིག་དང་ཁེ་ཕན་གྱི་ཆབ་སྲིད་ཙམ་རྒྱབ་ལྗོངས་སུ་བྱས་པའི་རྩོད་གླེང་འདི་དག་ནི་རྦད་དེ་སྤྱི་ཚོགས་ཁ་འཐོར་གྱི་གཞི་རྩ་རུ་འགྲོ་བའི་རྩོད་གླེང་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་དུས་འཁོར་དབང་ཆེན་ལྟ་བུ་ལ་མཚོན་ན་༧གོང་ས་མཆོག་གིས་བཀའ་གང་གནང་བ་དེ་ཚིག་གི་བདག་པོས་ཚིགས་སུ་བཅད་པའི་གནད་དོན་ཁོ་ན་ཡིན་པས་གཞན་གྱིས་གླེང་དགོས་པ་ཞིག་མིན།
མདོར་ན་བོད་མི་སྤྱི་དང་ལྷག་པར་དུ་དྲ་ལམ་ཁག་ཏུ་མིང་ཡོད་མེད་ཀྱི་དྲ་དམངས་དག་གི་བསམ་སྤྱོད་གང་ཐད་ནས་ཡིད་སྐྱོ་དགོས་པ་ཞིག་དང། དེ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང། མི་རིགས་དང་འཐབ་རྩོད་ཀྱི་འགན་ཁུར་སྟངས་སོགས་ཧ་ཅང་ཞན་པའི་རང་རྟགས་ཕྱིར་བསྟན་ཡོད། གང་ལྟར་གནད་དོན་འདིའི་འབྱུང་རྐྱེན་གཙོ་བོ་གཅིག་འོས་བསྡུ་ལས་ཁང་དང། ད་ལན་གྱི་འོས་བསྡུ་དང་ཐད་འབྲེལ་ཡོད་པ་སྲིད་སྐྱོང་འོས་གཞི་གཉིས་ཀྱིས་འགན་ཁུར་བླངས་ནས་མི་མང་ལ་གོ་བསྐོན་ཡག་པོ་ཞིག་གནང་མ་ཐུབ་ན། རྩོད་རྙོག་འདི་དག་ནི་བོད་སྤྱི་པའི་རྩ་དོན་དང། འོས་གཞི་གཉིས་ཀའི་སྒེར་གྱི་ལོ་རྒྱུས་ལའང་ནག་ཐིག་ཕབ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཆེད་དུ་གོ་སྐབས་བཟུང་ནས་བོད་པའི་སྤྱི་ཚོགས་ལ་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱེད་མཁན་དག་ལ་ལམ་སྟོན་གོ་བསྐོན་གྱིས་ཕན་ཐོགས་གང་ཡང་མེད་ཀྱང། འོས་གཞི་སོ་སོར་རྒྱབ་སྐྱོར་གྱི་ཀུན་སློང་ཡོད་ཀྱང་བྱེད་སྟངས་མི་ཤེས་པ་དག་གིས་ཉན་འཇོག་བྱེད་ངེས་རེད།།