རྡ་ཤོད་ཀང་རའི་འགྲེམས་སྟོན་ཁང་དུ་བོད་སྐོར་དང་འབྲེལ་བའི་བྱིས་པའི་རི་མོ་ཞིག་འགྲེམས་སྟོན་གནང་སོང་།

ཁ་དོག་ཟེར་བའི་བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཀྱིས་དེ་རིང་རྡ་ཤོད་དུ་ཡོད་པའི་ཀང་ར་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ང་རང་བོད་ལ་ཡོད་ན་ཞེས་པའི་རི་མོའི་འགྲེམས་སྟོན་ཞིག་བརྗོད་གཞི་དེ་དང་འབྲེལ་བའི་སློབ་མ་ཚོ་རང་རང་གི་རི་མོ་མང་པོ་བྲིས་གནང་འདུག
ཕྱི་ཚེས་༡༣ ཉིན་ཁ་དོག་ཟེར་བའི་བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཏུ་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ལྔ་ནས་ཡོང་བའི་སློབ་མ་ཚོས་བྲིས་གནང་བའི་རི་མོ་རྣམས་རྡ་ཤོད་དུ་ཡོད་པའི་ཀང་རའི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་དབུ་འཛུགས་གནང་སོང་། འགྲེམས་སྟོན་དེ་ཕྱི་ཚེས་༡༣ ཉིན་ནས་ཕྱི་ཚེས་༡༩ བར་ཉིན་གྲངས་བདུན་རིང་བྱེད་འཆར་ཡོད་འདུག ཐེངས་འདིའི་རི་མོའི་འགྲེམས་སྟོན་དེའི་ནང་འཛིན་རིམ་དྲུག་པ་དང་བཅུ་གཉིས་བར་ཁྱོན་སློབ་མ་༡༨༠ ཙམ་གྱིས་རི་མོ་བྲིས་ནས་སྤྲོད་མཁན་བྱུང་ཡོད་འདུག་པའི་ནང་ནས་རི་མོ་༥༠ བདམས་ནས་འགྲེམས་སྟོན་བྱས་འདུག དེ་རིང་བྱིས་པའི་རི་མོའི་འགྲེམས་སྟོན་སྐབས་སུ་ཀང་ར་རྫོང་གི་རྫོང་དཔོན་གཞོན་པ་(DC Shri Hemraj Bairwa)ཕེབས་ནས་དབུ་འབྱེད་གནང་སོང་།

སྐབས་དེ་དུས་ཁོང་གིས་རི་མོ་འགྲེམས་སྟོན་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང་། དམིགས་བསལ་བོད་པའི་སློབ་ཕྲུག་ཚོས་བོད་སྐོར་རི་མོ་བྲིས་ནས་གཞན་ལ་སྟོན་རྒྱུ་གལ་ཆེན་ཡིན་པར་བརྗོད་སོང་། གཞན་ཡང་སྐབས་དེ་དུས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་རྒན་བསོད་ནམས་སྲི་གཅོད་ནས་བཙན་བྱོལ་ནང་ཡོད་པའི་བོད་པའི་བུ་ཕྲུག་ཚོ་མ་འོངས་བོད་པའི་རིག་གཞུང་དང་རྩ་དོན་འགན་འཁུར་མཁན་ཡིན་པར་བརྟེན། ད་ལྟའི་བུ་ཕྲུག་ཚོ་ལ་བོད་སྐོར་གོ་རྟོགས་དང་འཆར་སྣང་ཡོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། དམིགས་བསལ་ད་ལྟའི་བོད་ནང་གི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་གནང་སྟངས་སྐོར་རི་མོའི་ལམ་ནས་བསྟན་པ་དེ་ཧ་ཅང་གིས་ཚོར་ཤུགས་ཆེན་པོ་ཡོད་པ་ཞིག་རེད་ཅེས་བརྗོད་གནང་སོང་། དེ་བཞིན་སློབ་གྲྭ་ཁག་གི་ནང་དུ་འབྲི་ཀློག་གཅིག་པོར་མ་ཡིན་པར་སྒྱུ་རྩལ་གྱི་ལམ་ནས་སློབ་མ་རང་རང་ཚོའི་རྣམ་དཔྱོད་དང་རིག་པ། སྒྱུ་རྩལ་སོགས་འདོན་སའི་སྡིངས་ཆ་སྤྲོད་དགོས་རྒྱུ་གལ་ཆེན་པོ་ཡིན་དུས། དེ་རིང་གི་འགྲེམས་སྟོན་དེ་སྡིངས་ཆ་ཞིག་ཡིན་པར་བརྗོད་གནང་སོང་།
ཐེངས་འདིའི་འགྲེམས་སྟོན་དེ་བོད་ཀྱི་ཐེབས་རྩ་ནས་འགྲོ་གྲོན་རོགས་རམ་གནང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང་། དེ་འབྲེལ་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཀྲ་ཤིས་ཉི་མས་ཐེངས་འདིའི་འགྲེམས་སྟོན་དེ་བོད་པའི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་སྒྱུ་རྩལ་བ་གསོ་སྐྱོང་གི་ཆེད་དུ་སྡིངས་ཆ་ཞིག་ཡིན་པ་དང་། བོད་པའི་རི་མོ་འབྲི་མཁན་སྒྱུ་རྩལ་བ་ཚོས་བོད་ཀྱི་སྐོར་རི་མོའི་ལམ་ནས་སྟོན་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་སྐོར་རི་མོའི་ལམ་ནས་བསྟན་པ་ལས་གཞན་སྤྱི་ཚོགས་ཁྲོད་སྟོན་རྒྱུ་གལ་ཆེ་བ་ཡིན་པ་དང་། དེའི་རྒྱུ་མཚན་ནི་བོད་སྐོར་གོ་རྟོགས་དེ་གཞན་ལ་སྤེལ་དགོས་པ་ལས་ང་ཚོ་ནང་ཁུལ་དུ་དེ་ཙམ་དགོས་པ་ཞིག་མཐོང་གི་མི་འདུག་ཅེས་བརྗོད་གནང་སོང་། དེ་རིང་གི་རི་མོའི་འགྲེམས་སྟོན་སྐབས་སུ་སྒྱུ་རྩལ་བ་དང་སློབ་མ། གཞན་རྡ་སའི་ཉེ་འཁོར་དུ་ཡོད་པའི་མི་མང་བཅས་ཁྱོན་མི་བརྒྱ་ཡས་མས་ཤིག་ཕེབས་གནང་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།