རྡ་སར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་བརྩི་གནང་སོང་། 

ཟླ་༢ པའི་ཚེས་༤ ཉིན་ནི་རྒྱལ་སྤྱིའི་འབྲས་ནད་སྲུང་སྐྱོབ་མཐུན་ཚོགས་དང་མཉམ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་ཡིན་པ་དང་བསྟུན། བོད་ཀྱི་འབྲས་ནད་ཚོགས་པས་བཞུགས་སྒར་རྡ་ས་མེག་གྷན་དུ་བོད་མི་གཙོས་ས་གནས་ཀྱི་ཡུལ་མིར་རིན་མེད་ཐོག་ནས་ཕོ་བའི་ནང་ནད་འབུ་ཡོད་མེད་བརྟག་དཔྱད་( H Pylori ) ནད་རྟགས་ཡོད་མེད་བརྟག་དཔྱད་དང་ཕོ་འབྲས་སྔོན་འགོགག་གི་གོ་རྟོགས་ལས་འགུལ་སྤེལ་གནང་སོང་།

དེ་ཡང་ལས་འགུལ་དེ་མེག་གྷན་གྱི་ཁྲོམ་དཀྱིལ་དུ་སྤེལ་ཡོད་པ་དང་། སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས། ཧི་མཱ་ཅལ་མངའ་སྡེའི་ཀང་རཱ་རྫོང་ཁོངས་ཀྱི་སྨན་སྦྱོར་དང་འཕྲོད་བསྟེན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ (Dr. G. D. Gupta)། བདེ་ལེགས་སྨན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་བཅས་ཕེབས་ཏེ། འབྲས་ནད་ཀྱི་ནད་གཞི་དང་འབྲེལ་བའི་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞིར་མཉམ་ཞུགས་གནང་བར་མ་ཟད་སྔོན་འགོག་དང་འབྲེལ་ནད་འབུ་བརྟག་དཔྱད་ཀྱི་ལས་དོན་ཁག་ལ་གཟིགས་ཞིབ་སོགས་གནང་སོང་།

སྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་འབྲས་ནད་ཀྱི་ནད་གཞི་རྐྱེན་གྱིས་ཉི་མ་རེར་མི་༡༣༠༠ ཙམ་འདས་གྲོངས་སུ་འགྱུར་བཞིན་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ལ་ནད་གཞི་དེ་ཕོག་རྐྱེན་དེ་སྔ་༢༠༡༩ ལོར་བོད་མི་༢༧ འདས་གྲོངས་སུ་གྱུར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁྲོད། ལོ་ལྟར་བོད་མི་༦༢ ཙམ་ལ་འབྲས་ནད་ཁོ་ན་དང་འབྲེལ་བའི་སྨན་བཅོས་ཀྱི་མཐུན་འགྱུར་གནང་བཞིན་པ། མང་ཚོགས་རྣམ་པས་དུས་རྒྱུན་ནས་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་མ་གནང་བ་དང་ཟས་བཅུད་བསྟེན་སྟངས་སོགས་ཀྱི་ཐད་ལ་འཐུས་ཤོར་སོང་བའི་དབང་གིས་ངལ་བ་དེ་ལྟར་འཕྲད་ཀྱི་ཡོད་སྟབས། རྣམ་ཀུན་ནས་ལུས་སྦྱོང་དང་དང་ནད་གཞི་ཕོག་མིན་གྱི་བརྟག་དཔྱད་གནང་རྒྱུ་གལ་ཆེན་ཡིན་པར་ལམ་སྟོན་གནང་སོང་།

ཧི་མཱ་ཅལ་མངའ་སྡེའི་ཀང་རཱ་རྫོང་ཁོངས་ཀྱི་སྨན་སྦྱོར་དང་འཕྲོད་བསྟེན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་(Dr. G. D. Gupta) གྱིས་སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་སྐྱེས་པའི་ཁྲོད་གློ་བའི་འབྲས་ནད་དང་བུད་མེད་ཁྲོད་བུ་སྣོད་དང་ནུ་མའི་འབྲས་ནད་ཕོག་མཁན་མང་བ་འབྱུང་གི་ཡོད་པ་དང་། ནད་གཞི་དེ་དག་སྔོན་ཚུད་ནས་ཤེས་རྟོགས་ཐུབ་ཚེ་བཅོས་ཐབས་ཡོད་པ་ཞིག་ཡིན་སྟབས། ད་རེས་བོད་ཀྱི་འབྲས་ནད་ཚོགས་པས་སྔོན་འགོག་དང་གོ་རྟོགས་ཀྱི་ལས་གཞི་སྤེལ་བ་དེས་མང་ཚོགས་ལ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པར་ལེགས་གསོའི་བསྔགས་བརྗོད་ཡོད་པ་དང་།   མང་ཚོགས་རྣམས་ཀྱིས་དུས་རྒྱུན་སོ་སོའི་གཟུགས་པོར་ནད་གཞི་ཡོད་མེད་ཀྱི་དོགས་པ་རིགས་བྱུང་སྐབས་ངེས་པར་དུ་བརྟག་དཔྱད་གནང་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་དོན་བུད་མེད་ལོ་ན་༣༥ ཡན་རྣམས་ནས་ངེས་པར་དུ་བུ་སྣོད་དང་ནུ་མའི་འབྲས་ནད་ཡོད་མེད་བརྟག་དཔྱད་གནང་དགོས་སྐོར་གསུངས་སོང་།

མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེའི་བརྗོད་གཞི་ནི་ (I am and I will) ཡིན་འདུག་ཅིང་། དེས་མ་འོངས་པར་འབྲས་ནད་གཅིག་ཀྱང་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་ཚང་མས་ད་ལྟ་ནས་འབྲས་ནད་ཉུང་དུ་གཏོང་རྒྱུའི་ཐོག་ལག་ལེན་བསྟར་དགོས་པའི་འབོད་སྐུལ་ཞུ་གི་ཡོད་འདུག་པ་དང་། སྤྱིར་རང་རེའི་སྤྱི་ཚོགས་ནང་འབྲས་ནད་རྐྱེན་པས་བོད་མི་མང་དག་ཅིག་གི་ཚེ་སྲོག་འཕྲོག་གི་ཡོད་ཀྱང་། མི་མང་པོ་ཞིག་གིས་དེར་སྣང་མེད་དུ་འཇོག་གི་ཡོད། བོད་མིའི་སྤྱི་ཚོགས་ནང་འབྲས་ནད་སྔོན་འགོག་དང་། བཅོས་ཐབས་བཅས་ཀྱི་ཐོག་གོ་རྟོགས་ལེགས་པོ་མེད་སྟབས། བོད་ཀྱི་འབྲས་ནད་ཚོགས་པས་དུས་རྒྱུན་དུ་སྨན་བཅོས་སྐོར་བསྐྱོད་དང་འབྲས་ནད་སྐོར་གོ་རྟོགས་ཡོང་ཆེད་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད་པ་རེད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་ཕོ་བའི་འབྲས་ནད་དེ་ཤུགས་ཆེ་ཤོས་ཡིན་སྟབས། དེ་སྔོན་འགོག་གི་ཆེད་དུ་ཐེངས་འདིར་ཕོ་བའི་ནང་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་ལས་གཞི་སྤེལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།