རྡོ་གདན་དཔལ་ཡུལ་ཐུབ་བསྟན་ཆོས་འཁོར་གླིང་དབུ་འབྱེད།
ཟླ་འདིའི་ཕྱི་ཚེས་༡༩ བོད་ཟླ་༡༢ པའི་ཚེས་༡༠ ཉིན་རྒྱ་གར་རྡོ་རྗེ་གདན་དུ་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་གླིང་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་དགོངས་བཞེད་བཞིན། སྔ་འགྱུར་གྱི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་བྱེས་ཀྱི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་དགོན་པ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་གསར་བཞེངས་ལེགས་གྲུབ་བྱུང་ཡོད་པ་རེད།
ཕྱི་ཟླ་༡༢ པའི་ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ སྐར་མ་༣༠ ཐོག་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དང། ༧སྐྱབས་རྗེ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ། ༧སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ། རྣམ་གྲོལ་གླིང་གི་དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་དང་། མཁན་ཆེན་རྣམ་གསུམ་སོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་མང་ཡོངས་ནས་གཙུག་ལག་ཁང་གསར་པ་དབུ་འབྱེད་གནང་ཡོད་པ་རེད།
དེའི་དགོང་མོ་ཆུ་ཚོད་༧ དང་ཕྱེད་ཀྱི་ཐོག་༧སྐྱབས་རྗེ་ཐུབ་བཟང་རིན་པོ་ཆེ་མཆོག་གིས་དད་ལྡན་སེར་སྐྱ་ཡོངས་ལ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚེ་དབང་བཀའ་དྲིན་བསྩལ་ཡོད་པ་རེད།
ཕྱི་ཚེས་༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ པའི་ཐོག་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་གནང་ཡོད་པ་དང་། ཉིན་འདིར་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཕེབས་ཡོད་པ་དང། གཞན་ཡང་བླ་ཆེན་ཁག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་བཀའ་བློན་པདྨ་ཆོས་འབྱོར། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་གཞུང་གི་གནད་ཡོད་ཀྱང་གང་མང་ཞིག་ཕེབས་ཡོད་པ་རེད། ད་ལན་དགོན་པ་དབུ་འབྱེད་ཀྱི་མཛད་སྒོ་འདིར་བོད་ནས་དཔལ་ཡུལ་གདན་རབས་བཅུ་གཉིས་པ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དང། ༧སྐྱབས་རྗེ་ཐུབ་བཟང་རིན་པོ་ཆེ་བཅས་ཆེད་ཕེབས་གནང་འདུག
སྤྱིར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་གླིང་འདི་ཉིད་དབུ་འབྱེད་མཛད་སྒོ་གྲ་རྒྱས་པ་ཞིག་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་ཀྱང། ཉེ་ཆར་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་རྣམ་པ་གཉིས་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། དགོན་པའི་དབུ་འབྱེད་མཛད་སྒོ་དེ་ཉིད་ཆོས་ཕྱོགས་ནས་མདོར་བསྡུས་སྟབས་བདེ་ཙམ་ལས་སྲུང་རྩི་ཞུས་མེད་པ་རེད།།