རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་བདག་དབང་ཐད་རྩོད་རྙོག་བྱུང་ནས་ནང་པ་ཚོས་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག

Screenshot

རྡོ་རྗེ་གདན་ལ་ཡོད་པའི་ནང་པའི་གནས་ཆེན་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ཐད་ད་ཆར་རྩོད་རྙོག་ཞིག་འབྱུང་བཞིན་ཡོད་འདུག་ཅིང་། རྒྱ་གར་ནང་དང་གཞན་ས་ཕྱོགས་གང་སར་དུ་ཡོད་པའི་ནང་པ་ཚོས་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་དེ་ནང་པས་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག་ཀྱང་། ད་བར་འཛིན་སྐྱོང་གཙོ་བོ་བྱེད་མཁན་ནི་ནང་པ་མིན་པའི་ཆོས་ལུགས་གཞན་གྱིས་བྱེད་ཀྱི་ཡོད་པར་བརྟེན། མཆོད་རྟེན་གྱི་ཕྱི་ནང་སོགས་ལ་ཡར་རྒྱས་གཏོང་གི་མེད་པའི་སྐྱོན་བརྗོད་ཡོང་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༠ ཉིན་(bahujanlivesmatter)ཟེར་བའི་གསར་ཁང་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༡༩༤༩ ལོར་བྱང་ཆུབ་མཆོད་རྟེན་གྱི་གྲོས་མཐུན་ཟེར་བ་ཞིག་ཡོད་འདུག་པ་དང་། གྲོས་མཐུན་དེ་གཞིར་བཞག་ཐོག་ནས་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་བྱེད་ཀྱི་ཡོད་འདུག་ཅིང་། གྲོས་མཐུན་དེའི་ནང་གཏན་འཇགས་འགན་འཛིན་ལྷན་ཚོགས་མི་དགུ་ཡོད་འདུག་པ་དང་། མི་དགུ་ནས་མི་བཞི་ནང་པ་དང་མི་ལྔ་ཧིན་དྷུ་ཡིན་པར་བརྟེན། འགན་འཛིན་ལྷན་ཚོགས་ནང་རྩོད་རྙོག་བྱུང་ཡོད་འདུག རྩོད་རྙོག་བྱུང་དོན་གཙོ་བོ་ནི་བྱང་ཆུབ་མཆོད་རྟེན་ནི་ནང་པའི་གནས་ཆེན་ཡིན་པར་བརྟེན། མཆོད་རྟེན་གྱི་འཛིན་སྐྱོང་ཐད་འགན་ཆ་ཚང་ནང་པ་ལ་གནང་དགོས་པའམ་རང་སྐྱོང་བཟོ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག 

ཕྱི་ཟླ་༡ ཚེས་༡༢  ནས་ནང་པའི་གྲྭ་པ་མང་པོ་ཞིག་གིས་ཞི་བའི་ཐོག་ནས་དུས་ཚོད་ཚད་བཀག་མེད་པའི་ཟས་བཅད་ངོ་རྒོལ་བྱེད་འགོ་བཙུགས་ཡོད་འདུག་ཅིང་། ཉིན་གྲངས་དགུ་ཕྱིན་རྗེས་ཏེ་ཚེས་༢༠ ཉིན་ཞི་བའི་ངོ་རྒོལ་བས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བརྗོད་དོན། མངའ་སྡེ་གཞུང་གི་འགོ་ཁྲིད་ཚོ་དང་ཆོས་ལུགས་གཞན་གྱི་མི་སྣ་ཚོས་ངོ་རྒོལ་བ་ལ་སུན་པོ་བཟོ་བཞིན་ཡོད་པ་དང་། དེ་བཞིན་མངའ་སྡེ་གཞུང་གི་འགོ་ཁྲིད་ཚོ་དང་ཞི་བའི་ངོ་རྒོལ་བའི་བར་གྲོས་མོལ་བྱེད་རོགས་བྱེད་ཀྱི་མེད་པར་བརྗོད་འདུག ཉིན་གྲངས་དགུའི་རྗེས་སུ་ཞི་བའི་ཟས་བཅད་ངོ་རྒོལ་ཚོའི་གཟུགས་གཞིའི་གནས་སྟངས་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཆགས་ཡོད་པ་སྨན་པ་(Dr Vilas kharat)ཟེར་བ་དེས་གསར་ཁང་དེ་ལ་བརྗོད་ཡོད་འདུག སྤྱིར་བཏང་རྒྱ་གར་ནང་ཆོས་ལུགས་སོ་སོའི་གནས་ཆེན་ཁག་གི་འཛིན་སྐྱོང་ཆ་ཚང་ཆོས་ལུགས་སོ་སོས་བྱེད་བཞིན་ཡོད་འདུག་པར་བརྟེན། རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དེ་ཡང་ནང་པས་འཛིན་སྐྱོང་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག སྦི་ཧར་མངའ་སྡེའི་གཞུང་ནང་ཧིན་དྷུའི་ཆོས་ལུགས་ཀྱིས་དབང་བསྒྱུར་ཡོད་པར་བརྟེན། ཧིན་དྷུའི་ཆོས་ལུགས་ནང་རིགས་མཐོ་བ་བརྩི་སྲོལ་ཡོད་པའི་(Brahmine)ཚོས་བྱང་ཆུབ་མཆོད་རྟེན་དང་འབྲེལ་ནས་དབང་ཆ་ཆེན་པོ་འཛིན་གྱི་ཡོད་འདུག 

 (Akash lama)ཟེར་བ་ཞིག་གིས་ད་ལྟའི་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ནང་པ་ཚོ་ལ་ཐོབ་ཐང་དེ་འདྲ་སྤྲོད་ཀྱི་མེད་པ་དང་། བྱང་ཆུབ་མཆོད་རྟེན་ནི་ཡོང་འབབ་བཟོ་ས་ལྟ་བུ་ཞིག་ལས་ཡར་རྒྱས་གཏོང་གི་མེད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག 

ད་ཐེངས་ཀྱི་དགོས་འདུན་དེ་ལ་འཛམ་གླིང་གང་སར་ཡོད་པའི་ནང་པའི་ལྷན་ཚོགས་༥༠༠ ཙམ་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ། ཉི་ཧོང་དང་ཐེ་ལན་ཌི། ཤི་རི་ལན་ཁ། སོག་པོ་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།