རྡོ་རྗེ་གདན་དུ་གྲྭ་པ་ཞིག་གིས་མེ་མདའ་ཁྱེར་ཡོད་པས་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
ཟླ་འདིའི་ཚེས་༦ ཉིན་གྱི་བྷི་ཧར་གསར་འཕྲིན་ཞེས་པའི་སྟེང་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༥ ཉིན་གྱི་དགོང་མོར་རྒྱ་གར་གྱི་མངའ་སྡེ་བྷེ་ཧར་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་ཁུལ་ལ། གྲྭ་པ་མེ་མདའ་རྡེའུ་ཡོད་པ་འཁྱེར་མཁན་ཞིག་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་གྲྭ་པ་དེས་ཆོག་མཆན་ལག་འཛིན་ཡོད་པའི་མེ་མདའ་ཁྱེར་ཡོད་འདུག་ཀྱང་། མཆོད་རྟེན་གྱི་ཁུལ་དུ་མཚོན་ཆ་འཁྱེར་ཆོག་གི་མེད་པས། ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ནས་དྲི་རྩད་བྱེད་བཞིན་ཡོད་འདུག ཉེན་རྟོག་པས་གྲྭ་པ་དེ་སྒང་ཏོག་གནས་སྡོད་བྱེད་མཁན་ཞིག་ཡིན་པ་དང་། ཁོ་ལ་དེ་སྔོན་ནག་ཉེས་བྱས་པའི་ལོ་རྒྱུས་མེད་ཀྱང་། ཁོའི་སྐོར་རྒྱས་པ་ཤེས་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་ཉེན་རྟོག་པས་གྲྭ་པ་དེའི་སྐོར་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད་འདུག
ཕྱི་ལོ་༢༠༡༣ ལོར་གནས་དེར་འབར་གས་ཀྱི་གནད་དོན་བྱུང་རྗེས། མཚོན་ཆ་འཁྱེར་མི་ཆོག་པ་བཟོས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།