རྡོ་རྗེ་གདན་དུ་ཡོད་པའི་རྒྱ་རིགས་བུད་མེད་དེ་གསང་མྱུལ་མིན་སྐོར་བརྗོད་འདུག
ཉེ་ཆར་གནས་མཆོག་རྡོ་རྗེ་གདན་གྱི་ཉེན་རྟོག་པས། རྡོ་རྗེ་གདན་དུ་ཡོད་པའི་རྒྱ་རིགས་བུད་མེད་གཅིག་རྒྱ་ནག་གི་གསང་མྱུལ་ཡིན་སྲིད་པའི་དོགས་གཞིའི་འོག་འཚོལ་ཞིབ་ཀྱི་གསལ་བསྒྲགས་སྤེལ་བ་དང་འབྲེལ་ནས། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་ཤུགས་ཆེན་སྤེལ་ཡོད་པས། བོད་མི་རྣམས་ལ་སེམས་འཚབ་ཆེན་པོ་བཟོས་ཡོད་པ་རེད་དེ། ད་ལྟའི་ཆར་བུད་མེད་དེ་ཉེན་རྟོག་པས་འཛིན་བཟུང་བྱས་ཚར་ཡོད་ཁར། མོ་ནི་གསང་མྱུལ་ཡིན་པའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་འདུག
ཟླ་༡༢ པའི་ཚེས་༣༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༩ ཉིན་རྒྱ་ནག་གི་གསང་མྱུལ་ཡིན་སྲིད་པའི་དོགས་པ་བྱེད་ཡུལ་རྒྱ་རིགས་བུད་མེད་སཱོང་ཤའོ་ལན་ཞེས་པ་དེ་གར་ཡོད་ཀྱི་གནས་ཚུལ་དེ། རྡོ་རྗེ་གདན་གྱི་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་མོ་འཛིན་བཟུང་བྱས་འདུག་པ་དང་། མོ་ལ་དྲི་རྩད་རྒྱུན་རིང་བྱས་རྗེས། བྷི་ཧར་མངའ་སྡེའི་མཐོ་རིམ་ཉེན་རྟོག་པ་(Jitendra Singh Gangwar)ཡིས། གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཚོས་རྒྱ་རིགས་བུད་མེད་དེར་དྲི་རྩད་ནན་པོ་བྱས་རྗེས། མོ་གསང་མྱུལ་བ་ཡིན་པའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་སྐོར་བརྗོད་འདུག འོན་ཀྱང་བུད་མེད་དེ་ཐོག་མར་ཕྱི་ལོ་༢༠༡༩ ལོར་རྒྱ་གར་དུ་ལོ་ལྔ་ཡི་ཐོངས་མཆན་ཐོག་སླེབས་ཡོད་ཀྱང་། ཕྱི་རྒྱལ་བ་ཐོ་འགོད་ལས་ཁུངས་སུ་སྒྲིག་གཞི་ལྟར་འབྱོར་ཐོ་འགོད་དགོས་ཀྱི་ཡོད་ཀྱང་། མོས་ད་བར་ལས་ཁུངས་དེར་འབྱོར་ཐོ་ཐེངས་གཅིག་ཀྱང་བཀོད་མེད་པས། བདུན་ཕྲག་སྔོན་མར་ཕྱི་རྒྱལ་བ་ཐོ་འགོད་ལས་ཁུངས་ཀྱིས་མོའི་ཐོངས་མཆན་རྩིས་མེད་བཏང་ཡོད་པ་དང་། ད་ལྟའི་ཆར་ཉེན་རྟོག་པས་མོ་རྒྱ་ནག་ཏུ་ཕྱིར་འབུད་གཏོང་ཆེད་དུ་ལས་དོན་འགོ་བཙུགས་ཟིན་སྐོར་བརྗོད་འདུག
བུད་མེད་དེ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་སྐབས་སུ། བཞུགས་སྒར་རྡ་ས་མེག་གྷན་དུ་གནས་སྡོད་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།