རྡོ་རྗེ་གླིང་དུ་ངོ་རྒོལ་ཁྲོད་འགྲོ་བསྐྱོད་ཀྱི་བཀག་སྡོམ་མུ་མཐུད་གནས་བཞིན་པ།
རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་གྲོང་སྡེ་རྡོ་རྗེ་གླིང་དུ། གོར་ཁའི་མངའ་སྡེ་ཟུར་དུ་དགོས་པའི་ངོ་རྒོལ་དང་བསྟུན་ནས། ཁུལ་དེར་མི་མང་གི་འགྲོ་བསྐྱོད་བཀག་སྡོམ་གྱི་གནས་སྟངས་མུ་མཐུད་གནས་བཞིན་ཡོད་ཁར། ངོ་རྒོལ་ཁྲོད་ཉུང་མཐུར་མི་༣ ཡི་ཚེ་སྲོག་ཤོར་ཡོད་ཁར། ཉེན་རྟོག་པ་༣༠ ཚུད་པའི་མི་གྲངས་༡༠༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག
ཟླ་༦ པའི་ནུབ་བྷང་གྷལ་མངའ་སྡེའི་སྲིད་གཞུང་གིས། མངའ་སྡེའི་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་བྷང་གྷལ་སྐད་ཡིག་ངེས་པར་སློབ་དགོས་པའི་བཀའ་ཁྱབ་བཏང་རྐྱེན། ཁུལ་དེའི་གོར་ཁ་མི་མང་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པའི་འགོ་ཁྲིད་འོག བལ་པོའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་མི་མང་མང་མོས་ཡིན་པའི་རྡོ་རྗེ་གླིང་མི་མང་གིས་ཟླ་༦ པའི་ཚེས་༨ ཉིན་ནས་བཀའ་ཁྱབ་དེར་ངོ་རྒོལ་དང་ཁོ་ཚོར་གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ངོ་རྒོལ་ཁྲོད་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་གདོང་ཐུག་བྱུང་ནས། ངོ་རྒོལ་བ་༣ ཡི་ཚེ་སྲོག་ཤོར་ཡོད་པ་དང་། ངོ་རྒོལ་བ་ཚོས་ཉེན་རྟོག་པའི་རླངས་འཁོར་མེར་སྲེག་པ་སོགས་བྱས་ཏེ་གནས་སྟངས་ཛ་དྲག་ཆགས་པས། དམག་མི་བསྐོ་བཞག་བྱེད་དགོས་པ་ཆགས་ཡོད་འདུག
ཚོགས་པ་དེས་ཁུལ་དེ་ནས་དམག་མི་ཕྱིར་འཐེན་མ་བྱས་བར། རྡོ་རྗེ་གླིང་དུ་མི་མང་གི་འགྲོ་བསྐྱོད་བཀག་སྡོམ་བྱེད་དགོས་པའི་ཐག་གཅོ་བྱས་རྐྱེན། ད་ལྟའི་ཆར་ཟ་ཁང་དང་ཚོང་ཁང་། ལས་ཁུངས་སོགས་སྒོ་བརྒྱབ་ཡོད་འདུག་པ་དང་། དེ་གར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་འཁར་ནས་བསྡད་ཡོད་འདུག
གོར་ཁ་མི་མང་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པས། ངོ་རྒོལ་བ་གསུམ་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་ཡོད་ཚུལ་བརྗོད་འདུག་ཀྱང་། ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྡོ་རྗེ་གླིང་ཉེན་རྟོག་པས་ཚོགས་པ་དེའི་འགོ་ཁྲིད་གཙོས་པའི་ཚོགས་མི་༢༤ ལ་མི་བསད་པའི་ཉེས་འཛུགས་བྱས་ཏེ། ངོ་རྒོལ་བ་གསུམ་པོ་དེ་ཚོགས་པ་དེའི་ཚོགས་མིས་ཉེན་རྟོག་པར་མེ་མདའ་བརྒྱག་སྐབས་བསད་ཡོད་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་ཉེན་རྟོག་པས་ཚོགས་པ་དེའི་འགོ་ཁྲིད་འཚོལ་ཞིབ་བྱེད་བཞིན་ཡོད་འདུག་ཀྱང་། ད་བར་རྙེད་སོན་བྱུང་མེད་པ་དང་། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གྱིས་ཕྱོགས་གཉིས་བར་གྲོས་མོལ་ཐོག་ནས་ཞི་བདེ་ཡོང་ཐབས་བྱེད་དགོས་པའི་སྐུལ་མ་བྱས་བྱས་ཡོད་པ་རེད།
ཚོགས་པ་དེའི་འགོ་ཁྲིད་བྷེ་མལ་གྷུ་རུང་གིས། རྒྱ་གར་དབུས་གཞུང་དང་གྲོས་མོལ་བྱེད་རྒྱུ་ལས་མངའ་སྡེ་གཞུང་དང་བྱེད་འདོད་མེད་ལ། གྲོས་མོལ་དེ་ཡང་གོར་ཁའི་མངའ་སྡེ་ལོགས་སུ་སྤྲད་རྒྱུའི་སྐོར་གཅིག་པུའི་ཐོག་ལ་བྱེད་འདོད་ཡོད་སྐོར་བརྗོད་ཡོད་འདུག
རྒྱ་གར་གསང་བའི་ལས་ཁང་གིས། རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁུལ་དུ་ཡོད་པའི་གྱེན་ལངས་རུ་ཁག་དང་ཚོགས་པའི་དེའི་རྒྱབ་སྐྱོར་བར་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་འདུག་ཀྱང་། ཚོགས་པ་དེའི་ཚོགས་མིའི་ཉེས་འཛུགས་ཁས་ལེན་མ་བྱས་པར། དེ་ནི་ཆབ་སྲིད་ཀྱི་དགོས་དམིགས་བཟུང་ནས་ཉེས་འཛུགས་བྱས་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་རྒྱ་གར་མངའ་སྡེ་གཞུང་གིས་ཁུལ་དེར་དྲ་རྒྱ་གནས་སྐབས་བཀག་སྡོམ་བྱས་ཡོད་འདུག་པས། གོར་ཁ་མི་མང་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པའི་འགོ་ཁྲིད་ཚོས། ཉེན་རྟོག་པའི་ཤེས་མ་ཐུབ་པའི་ས་གནས་ནས་སྐད་ཆ་བཤད་པའི་བརྙན་ཐུང་བཟོས་ནས། དེ་དག་ས་གནས་ཀྱི་བརྙན་འཕྲིན་ཁང་བརྒྱུད་མི་མང་ལ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད།
རྡོ་རྗེ་གླིང་དུ་གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་དྲག་པོའི་ངོ་རྒོལ་ལས་འགུལ་ཁྱབ་ཆེན་པོ་ཞིག གོར་ཁ་རྒྱལ་ཡོངས་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པས་འགོ་ཁྲིད་འོག ཕྱི་ལོ་༡༩༨༦ ལོར་སྤེལ་ཡོད་པ་དང་། སྐབས་དེར་མི་གྲངས་༡༢༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། དེ་རྗེས་ཕྱི་ལོ་༡༩༨༨ ལོར་རྒྱ་གར་དབུས་གཞུང་གིས་ཁུལ་དེར་རང་དབང་ཅན་གྱི་ས་གནས་ཀྱི་གྲོས་ཚོགས་ཤིག་བསྐོ་གཞག་བྱས་ནས། དེ་ལ་རྡོ་རྗེ་གླིང་རྫོང་ལ་ཕྱེད་རང་སྐྱོང་གི་དབང་ཚད་སྤྲད་པས། ངོ་རྒོལ་མཚམས་བཞག་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༠༧ ལོར་ཁུལ་དེའི་ཆབ་སྲིད་ཚོགས་པ་གསར་པ་གོར་ཁ་མི་མང་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པས། གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་བཏོན་པས། ཕྱི་ལོ་༢༠༡༡ ལོར་ཚོགས་པ་དེས་རྒྱ་གར་དབུས་དང་མངའ་སྡེ་གཞུང་མཉམ་དུ་ཁུལ་དེར་ཕྱེད་རང་སྐྱོང་གི་དབང་ཚད་ཡོད་པའི་གོར་ཁའི་ས་ཁུལ་འཛིན་སྐྱོང་ཞིག་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།