རྨོ་མོ་ཞིག་གི་མི་ཚེ་དང་ལོ་རྒྱུས་ཀྱིས་ཟང་ཟིང་ཆེ་བའི་བོད་ཀྱི་ལོ་རྒྱུས་དང་རིག་གནས་མཚོན་འདུག

Ryan Jasper གྱིས་བྲིས།  བཀྲ་ཤིས་དོན་གྲུབ་ཀྱིས་དབྱིན་ཡིག་ལས་བསྒྱུར།

མ་རྩོམ་དྲ་འབྲེལ།

སྤྱིར་ང་འགྲིམ་འགྲུལ་བྱེད་སའི་ས་ཆ་ཁག་ལས་རྒྱ་ནག་ནུབ་ཕྱོགས་ཀྱི་ཞིང་ཆེན་འགའ་ཞིག་ནི། ཆེས་འཁྲབ་སྟོན་ཆེ་ཤོས་དང་བདག་གི་བསམ་ཚོད་དང་འགལ་ཟླ་ཆེ་ཤོས་དེར་གྱུར་རྐྱེན། དེ་དག་ནི་དུས་ད་ལྟ་ལའང་བདག་ལ་མཚོན་ན་ཡ་མཚན་སྐྱེ་གཞི་ཞིག་རེད།  ལྷག་ཏུ་ང་ཕྱིན་སའི་བོད་ཡུལ་གྱི་གནས་བབས་ཀྱི་ཐོག་ནས་བཤད་ན། ཨ་སྔོན་དགུང་ལ་སྙེག་པའི་རི་བོ་དང་། ས་བཅུད་ཤིན་ཏུ་བཟང་བའི་ལུང་གཤོང་། དེ་བཞིན་རྩི་ཤིང་སྐྱེ་འཕེལ་མི་ཐུབ་པའི་ས་ཆ་བཅས་ཀྱིས་བོད་ཀྱི་ཡུལ་གྲུ་ཀུན་ཁྱབ་ཡོད་ལ། བོད་མི་རྣམས་ཀྱིས་སྒོ་ཕྱུགས་འཚོ་སྐྱོང་བྱས་ཏེ་དུས་ནས་དུས་སུ་རུ་བ་སྤོ་བ་དང་། འབྲི་མར་གྱིས་བཟོས་པའི་མར་ཇ་འཐུང་བ། ཕྲེང་བ་བགྲང་ནས་མ་ནི་འདོན་པ། དེ་བཞིན་གྱང་གི་ཁང་པ་ནང་བསྡད་པ་བཅས་ལ་རོལ་བ་ནི་ཆེས་རྒྱུན་ལྡན་ཞིག་རེད་འདུག

རེད་དེ་ང་ཚོ་ནུབ་ཕྱོགས་པའི་བསམ་བློའི་ནང་། བོད་ནང་གི་གནས་ཚུལ་དེ་དག་ནི་ཡ་མཚན་ཅན་དང་། ལྷ་སྒྲུང་ལྟ་བུ་ཞིག་ཏུ་གྱུར་ཟིན་པ་མ་ཟད། དེང་གི་རྒྱ་ནག་གི་གནས་སྟངས་ཀྱི་ཐོག་ནས་བལྟས་ན་ཡང་། དེང་རབས་ཅན་དུ་བསྒྱུར་དགོས་པའི་རྙིང་ཞེན་དང་རྗེས་ལུས་ཤིག་ཏུ་ཆགས་ཡོད། འོན་ཀྱང་། ང་ལ་མཚོན་ན་འགྲིམ་འགྲུལ་དེ་ནི་རྙོག་འཛིང་ཅན་གྱི་བོད་ཀྱི་ས་ཆ་དང་། མགོ་རྙོག་ཆེ་བའི་བོད་ཀྱི་འདས་སོང་། འགྱུར་ལྡོག་ཆེ་བའི་བོད་ཀྱི་ད་ལྟའི་གནས་སྟངས། དེ་བཞིན་ངེས་གཏན་མེད་པའི་འབྱུང་འགྱུར་བོད་ཀྱི་གནས་སྟངས་བཅས་ལ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཏུ་གྱུར་སོང་།

མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ལ་ཡེའུ་ས་གནས་སུ་ང་ཐོག་མར་འབྱོར་དུས་ས་གནས་དེའི་ཁོ་ར་ཁོར་ཡུག་གིས་ངའི་སེམས་པ་ཡོངས་སུ་ཕྲོགས་སོང་ལ། གྱང་གི་ཁང་པ་ཐོག་བརྩེགས་གཉིས་ཀྱི་ནང་བསྡད་དེ་ཁྱིམ་ནང་ནས་བཟོས་པའི་ཟས་བཟའ་བ་དང་། རི་ངོས་ནས་འབབ་པའི་གྲོང་གསེབ་ཀྱི་རྒྱུག་ཆུ་ནང་དུག་སློག་འཁྲུ་བ་བཅས་ཀྱིས་མཚོན་པའི་ང་ཚོས་མི་ཚེ་སྟབས་བདེ་པོ་དང་བདེ་སྐྱིད་ལྡན་པ་ཞིག་ལ་རོལ་རྒྱུ་བྱུང་། ང་སྡོད་སའི་བོད་ཀྱི་གྲོང་གསེབ་ནས་བལྟ་དུས་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་རི་གཤམ་དུ་ཡོད་པའི་ཨར་འདམ་གྱི་ཁང་པ་རྣམས་ནི། འཛམ་གླིང་གཞན་ལྟ་བུ་ཞིག་ཡིན་པའི་མཐོང་སྣང་ཤར་གྱི་འདུག་ལ།  ཨར་འདམ་གྱི་ཁང་པ་དེ་དག་ནི་ས་གནས་ཀྱི་རྒྱུ་ཆ་རང་སྤྱད་དེ་བཟོས་པའི་བོད་ལུགས་ཀྱི་ཁང་པ་དང་རྦད་དེ་ལྡོག་ཕྱོགས་ཆགས་འདུག

ད་དུང་ངས་བསྒྲུབ་དགོས་པའི་དོན་དག་གཞན་ཞིག་ཀྱང་ཡོད་དེ། དེ་ནི་བོད་ཀྱི་མི་རབས་རྒན་པ་རུ་གྱུར་པའི་བསོད་ཡག་ལ་བཅར་འདྲི་ཞིག་བྱེད་དགོས་པ་དེ་ཡིན། དེ་ལྟར་ངས་གནས་ཚང་གི་ནང་མི་ལ་ཐོག་མར་བཤད་དུས་ཁོ་ཚོས་“ངའི་བསམ་པར་དེ་ཡག་པོ་རེད་དྲན་གྱི་མི་འདུག”ཅེས་དང་“དེ་དཔེ་དཀའ་ལས་ཁག་པོ་རེད།” དེ་བཞིན་“མོའི་སྐད་མགོ་འཚོས་མཁན་ཡོད་མ་རེད་” ཅེས་བཤད་དེ་མི་ཚང་མས་བཀག་འགོག་བྱས་བྱུང་། སྤྱིར་བོད་མི་རྣམས་ནི་གསར་འགྱུར་བརྒྱུད་ལམ་སོགས་ལ་ངོ་ཚ་ཆོག་ཆོག་ཞིག་ཡིན་པས་རྒྱང་ཐག་རིང་ཙམ་བྱས་ནས་སྡོད་ཀྱི་ཡོད་ལ། ལྷག་ཏུ་བོད་ཀྱི་རྩ་དོན་སོགས་དང་འབྲེལ་བའི་གནད་དོན་གྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཚེ་གནོན་ཤུགས་དང་། འཇིགས་སྐུལ་ག་ཚོད་ཡོང་གི་ཡོད་མེད་དུས་རབས་ཕྱེད་ལྷག་གི་མྱོང་བ་ལས་ཤེས་རྐྱེན་དེ་བས་རྒྱང་ཐག་རིང་དུ་བཀྱེད་ཀྱི་ཡོད།

དེ་ལྟ་ནའང་། ངས་ས་གནས་དེའི་སྐད་སྒྱུར་བ་རྣམས་ལ་ཨུ་ཚུགས་མཐར་སྐྱེལ་གྱིས་རྨོ་མོའི་ཁང་རྙིང་ནང་འགྲོ་རྒྱུའི་དུས་ཚོད་བཟོས་པ་ཡིན། མི་ཚོས་ཁང་རྙིང་དེ་ནི་མི་ལོ་སྟོང་ལ་སོང་ཟིན་པའི་གནའ་བོའི་སྡོད་ཁང་ཞིག་རེད་ཅེས་དཀྲོག་གཏམ་བཤད་ཀྱི་འདུག  རྨོ་མོ་བསོད་ཡག་དང་ང་གཉིས་ཕན་ཚུན་གོ་བརྡ་འཕྲོད་པར་སྐད་སྒྱུར་བ་གཉིས་དགོས་འདུག་སྟེ། རྨོ་མོའི་སྐད་ནི་ལུང་ཚན་བྱེ་བྲག་པའི་སྐད་ཡིན་པ་དང་། སྒྲ་གདངས་མི་འདྲ་བའི་དབང་གིས་སྐྱེ་དགུ་མདོའི་མི་རྣམས་ཀྱིས་ཧ་མི་གོ་བ་མ་ཚད། ལ་ཡེའུ་གྲོང་གསེབ་ཀྱི་མི་ཉུང་ཤས་ཤིག་ལས་ཕལ་མོ་ཆེས་གོ་ཡི་མི་འདུག དེར་འབྱོར་རྗེས་ངས་ཡོ་ཆས་རྣམས་བསྒྲིགས་ནས་པར་ཆས་ཀྱི་ཁ་རྨོ་མོའི་ཕྱོགས་སུ་གཏད་པ་ཡིན། རྨོ་མོའི་མིག་གི་ནུས་པ་ཉམས་ཡོད་རྐྱེན་ང་མཐོང་ཙམ་ཡིན་རུང་། ང་དེ་ཡོང་བར་མི་བདེ་བའི་ཚུལ་འདྲ་རྩ་བ་ནས་མ་བྱུང་ཁར་མོ་རང་ལྷོད་ལ་བབ་སོང་།

ངས་རྨོ་མོ་ལ་རྒྱ་སྐད་བཤད་ཀྱང་ཁོ་མོས་ཧ་མི་གོ་རྐྱེན་ངས་དབྱིན་སྐད་བེད་སྤྱོད་ཀྱིས་སྐད་སྒྱུར་བ་གཉིས་ལ་རེ་བ་བརྒྱབ་པ་ཡིན། འོན་ཀྱང་སྐད་སྒྱུར་བ་གཉིས་སུན་པོ་ཆགས་པ་མ་ཟད་ཞེད་སྣང་ཡང་བྱེད་ཀྱི་འདུག་པས། ངའི་བརྗོད་གཞིའི་ཐད་ནས་སྐད་སྒྱུར་བ་གཉིས་ལ་དཀའ་ངལ་འཕྲད་ས་རེད་བསམ་བྱུང་། དེའི་ཁར་སྐད་སྒྱུར་བ་གཉིས་ཀྱི་དབྱིན་ཡིག་དེ་ཙམ་ཡག་པོ་མེད་རྐྱེན་དུས་ཚོད་རྒྱུན་རིང་འགོར་སོང་ཡང་ང་ཚོས་གླེང་མོལ་འགོ་བརྩམས་པ་ཡིན།  མཐའ་མར་སྐད་སྒྱུར་བ་གཉིས་བརྒྱུད་ནས་དོན་དག་གོ་ཐུབ་ཙམ་བྱུང་སོང་།

རྨོ་མོ་དང་དྲི་བ་དྲིས་ལན་བརྒྱུད་ནས་ཤེས་རྟོགས་བྱུང་བར་གསར་དུ་འཛུགས་སྐྲུན་བྱས་པའི་ཁང་པ་རྣམས་ཡག་པོ་ཡོད་པ་དང་། མོ་རང་ཁང་རྙིང་དེ་ནང་རྒྱུན་རིང་བསྡད་པ། གཞན་ད་དུང་གུང་ཁྲན་དམག་ཇི་ལྟར་ཡོང་ཡོད་མེད་དྲན་སོས་ཀྱི་ཡོད་པ་བཅས་རེད། དྲི་བ་དྲིས་ལན་ཟིན་པ་དང་ངལ་སོས་པའི་ཉམས་འགྱུར་དང་བཅས་བྲེལ་འཚུབ་ཀྱིས་རྨོ་མོ་ཕྱིན་སོང་། སྐད་སྒྱུར་བ་གཉིས་རྨོ་མོ་དང་སྐད་ཆ་བཤད་པར་ཏོག་ཙམ་ཁག་པོ་བྱུང་ཡོད་ཀྱང་། ཁོ་མོའི་སྐད་ཆར་དབྱིངས་ཏོག་ཙམ་འཕར་བའི་ཚུལ་བསྟན་སོང་། ཁོང་གཉིས་ལ་མཚོན་ན་རྨོ་མོ་བསོད་ཡག་ནི་ཁང་པ་རྙིང་པ་ཞིག་ནང་སྡོད་མཁན་གྱི་བགྲེས་སོང་དཀྱུས་མ་ཞིག་ལས། འདས་པའི་བོད་ཀྱི་བྱུང་བ་དང་ད་ལྟའི་བོད་ཀྱི་གནས་བབ་གཉིས་ཀ་མཚོན་ཐུབ་མཁན་གྱི་མི་སྣ་ཞིག་ཡིན་པའི་སྣང་ཚུལ་དེ་མི་འདུག

ནུབ་ཕྱོགས་པ་རྣམས་ལ་དེང་རབས་ཀྱི་འཚོ་བས་ཤུགས་རྐྱེན་ཆེན་པོ་ཐེབས་ནས་མིའི་ཡིད་དབང་ཅིག་ཅར་དུ་ཕྲོགས་པ་བཞིན། བོད་ནང་དུ་ཡང་གནས་ཚུལ་དེ་གཅིག་མཚུངས་སུ་གྱུར་འདུག་པས་གནའ་བོའི་བོད་ཀྱི་ཤུལ་བཞག་རིག་གནས་རྣམས་མུ་མཐུད་ནས་རྒྱུན་འཛིན་བྱེད་པར་དཀའ་ངལ་ཆེན་པོ་འདུག  དེའི་ཁར་རྒྱ་ནག་གིས་དེང་རབས་ལམ་ལུགས་ལ་ཤུགས་སྣོན་རྒྱག་པའི་ཉེར་ལེན་གྱིས་ཕྱི་དངོས་པོའི་འཚོ་བ་གཙོར་འཛིན་མི་བྱེད་པའི་བོད་ཀྱི་སྤྱི་ཚོགས་དང་། ཆོས་ལུགས། ལུགས་སྲོལ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་མཆིས།

སྤྱིར་ན་སྐད་སྒྱུར་བ་གཉིས་ཀྱང་དེང་རབས་རང་བཞིན་ཅན་ལ་རྒྱབ་སྐྱོར་དང་བསྟོད་པའི་མཐེ་བོང་སྒྲེང་མཁན་མིན་ཡང་། ལ་ཡེའུ་ལྟ་བུའི་གྲོང་གསེབ་ཏུ་སྡོད་མཁན་ཁོང་གཉིས་ལ་དེང་རབས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད། སྐད་སྒྱུར་བ་གཉིས་ཕྱིན་ཚར་རྗེས་ངས་ཡང་བསྐྱར་བསོད་ཡག་བཙལ་ནས་མོ་དང་ལྷན་དུ་བསྡད་དུས་ཕན་ཚུན་གོ་བརྡ་མི་འཕྲོད་རུང་། མོ་རང་གིས་ང་སུ་ཡིན་མིན་དང་། དེར་ཅིའི་ཕྱིར་ཡོང་གི་ཡོད་མེད་གསལ་པོ་ཤེས་པ་མ་ཟད། ཁོ་མོའི་གདོང་གི་གཉེར་རིས་རེ་རེར་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་བཤད་རྒྱུ་ཡོད་པའི་རྣམ་པ་འདུག

སྐབས་ཤིག་གི་རིང་ལ་ང་གཉིས་ཁུ་སིམ་མེར་བསྡད་དེ་ངས་རྨོ་མོའི་ཞལ་འདོན་ལ་ཉན་ཞིང་། ལག་པར་འཇུས་ཏེ་ཁོ་མོའི་མིག་ལ་ཞིབ་ཏུ་བལྟས་པ་ན་ངས་མོ་རང་གི་ལྡེམ་མྱུར་གྱི་རང་བཞིན་རྟོགས་བྱུང་ལ། དེ་བས་ཁོ་མོ་ནི་ཟང་ཟིང་ཆེ་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་ན་གནས་ཤིང་། རྒྱ་ནག་དམར་གཞུང་ཇི་ལྟར་བོད་ལ་ཡོང་ཡོད་མེད་དང་། དེས་བོད་རིགས་མི་མང་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་ཡོད་མེད་རྟོགས་མཁན་ཞིག་ཡིན་པའང་རྟོགས་བྱུང་། ཁོ་མོ་ནང་མི་དང་། སྤུན་མཆེད། ཐ་ན་སོ་སོའི་བུ་མོ་དང་རྒྱང་དུ་གྱེས་ནས་སྤྱི་ཚོགས་ཀྱི་ཟུར་དུ་བསྡད་ཡོད་རྐྱེན། ཁོ་མོར་སྡུག་བསྔལ་ཇི་ཙམ་ཡོད་མེད་ཤེས་ཐུབ་པ་ཞིག་རེད་ལ། བོད་ཀྱི་ངོ་བོ་མ་ཉམས་པར་ཁོ་མོ་དང་ཁོ་མོའི་ཁང་རྙིང་ནང་ད་དུང་གསོན་པོར་མཆིས།།