རྩམ་ཟན་རུས་པའི་ཞེན་ཁོག་ཅེས་པའི་དཔེ་དེབ་དབུ་འབྱེད།
ཟླ་འདིའི་ཚེས་༦ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པར་སྐྲུན་བྱས་པའི། བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ཀྱིས་བྲིས་པའི་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དེབ་<<རྩམ་ཟན་རུས་པའི་ཞེན་ཁོག>> ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་དེབ་དཔར་སྐྲུན་གྱི་ངོ་སྤྲོད་དང་འབྲེལ་ནས་གཏམ་བཤད་བྱེད་དོན། ཚོགས་པ་དེ་ཉིད་ཀྱིས་འདས་པའི་ལོ་མང་རིང། ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་བོད་ཡིག་དང། དབྱིན་ཡིག་སོགས་ཀྱི་ཐོག་གལ་ཆེན་པོར་བརྩིས་ནས་དཔར་སྐྲུན་བྱས་ཡོད་པ་དང། དེབ་དེ་དག་བརྒྱུད་ནས་བོད་ནང་མྱངས་པའི་མནར་གཅོད་སོགས། ཆབ་སྲིད་བཙོན་པ་རྣམས་ཀྱིས་དངོས་སུ་མྱངས་ཡོད་པས། དེའི་བོད་ནང་གི་གནས་སྟངས་སྐོར་མངོན་གསལ་བྱེད་ཐུབ་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་བརྗོད་སོང།
འཕྲིན་ལས་ཕུན་ཚོགས་ཀྱི་གཟུགས་གཞིའི་གནས་སྟངས་དང་ལམ་ཐག་རིང་བར་བརྟེན། དེབ་དབུ་འབྱེད་ཀྱི་མཛད་སྒོར་སླེབས་ཐུབ་མེད་ཀྱང། ཁོང་གིས་འཕྲིན་ཡིག་གཅིག་སྐུར་པའི་ནང། “གུས་པའི་དེབ་དེས་མ་འོངས་མི་རབས་གསར་པ་རྣམས་ཀྱིས། བོད་ཀྱི་འདས་པའི་ལོ་རྒྱུས་དང་མི་རབས་རྒན་པ་རྣམས་ཀྱིས་དཀའ་སྡུག་ཇི་ལྟར་མྱངས་ཡོད་མེད་སོགས་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཡོད་”ཅེས་བྲིས་ཡོད་འདུག
ཉིད་དེའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་དེབ་དབུ་འབྱེད་བྱས་རྗེས། གཏམ་བཤད་གནང་དོན། ཁོང་ཐོག་མར་ཕྱི་ལོ་༡༩༨༣ ལོར་བོད་ནང་འགྲོ་སྐབས། བོད་ནང་དུ་ཡོད་པའི་གསང་བའི་ཚོགས་པ་གསུམ་གྱི་ཚོགས་མི་དང་འབྲེལ་བ་བྱེད་རྒྱུ་བྱུང་བ་དང། སྐབས་དེར་རྒྱལ་གཅེས་ཚོགས་པའི་ཚོགས་མི་འཕྲིན་ལས་ཕུན་ཚོགས་དང་ཐུག་པ། དེ་བཞིན་ཁོང་ནི་ཕྱི་ལོ་༡༩༥༩ ལོའི་རྗེས་ཀྱི་བོད་ནང་གི་འཚོ་བ། བཙོན་ཁང་གི་འཚོ་བ། བཙན་བྱོལ་ནང་གི་འཚོ་བ་སོགས་མྱངས་ཡོད་པས། དེབ་དེ་གནད་འགག་ཆེན་པོ་ཡིན་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ལོ་རྒྱུས་བརྒྱུད། མི་རབས་གསར་པ་ཚོར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་སོང།
དེབ་དེར་ལེའུ་སུམ་ཅུ་ཡོད་པ་དང། འབྲེལ་ཡོད་པར་རིས་དང་ཡིག་ཆ་ཁག་ཅིག་བཅས་འཁོད་འདུག
ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ནི་ཕྱི་ལོ་༡༩༣༤ ལོར་སྐྱེས་པ་དང། ཕྱི་ལོ་༡༩༤༤ ལོར་བོད་གཞུང་གིས་ལྷ་ས་དྲུང་ཆེ་གླིང་ཁར་ཆེད་འཛུགས་དབྱིན་ཡིག་སློབ་གྲྭར་སློབ་ཞུགས་བྱས། ཕྱི་ལོ་༡༩༦༧ ལོར་འཕན་པོ་རྒྱལ་གཉེར་ཞིང་རའི་འཐབ་གྲོས་ཁག་གཅིག་དང་ལྷན་“གུང་རྒལ་ཚོགས་པ་”བཙུགས། ཚོགས་གནས་ཕྱི་གྱར་གྱིས་ཕྱི་ལོ་༡༩༧༠ ལོར་བཙོན་བཅུག་བྱས་ཏེ་བཀག་སྐྱིལ་ཁང་དང། དམག་སྒར་བཙོན་ཁང། དགུ་ཚ་བཙོན་ཁང། ཨུ་ཀྲི་ཏུད་སོགས་སུ་རྒྱ་དམར་གྱི་མནར་གཅོད་དྲག་པོ་མྱོང་དགོས་བྱུང། ཕྱི་ལོ་༡༩༧༤ ལོར་རབ་སྒང་མགོན་པོ་བསོད་ནསམ་དང་ལྷན་”རྒྱལ་གཅེས་ཚོགས་པ་” བཙུགས། ཕྱི་ལོ་༡༩༨༣ ལོར་འབྲེལ་ཡོད་ཚོགས་མི་འགའ་བཙོན་བཅུག་བྱས་པ་དང། ཁོང་ཡང་བཙོན་འཇུག་བྱེད་ཉེེར་བརྟེན། ཕྱི་ལོ་༡༩༨༤ ལོར་རྒྱ་གར་དུ་བཙན་བྱོ་ལ་ཡོང་བ་རེད། ཕྱི་ལོ་༡༩༨༥ བོད་མིའི་སྒྲིག་འཛུགས་སུ་སྲི་ཞུ་སྒྲུབ། ཕྱི་ལོ་༢༠༠༨ ལོར་ནང་མི་ཟླ་སྒྲིལ་ཐོག ཨ་རིར་ཕྱིན་ཡོད་ཁར། ད་ལྟའི་ཆར་ཁོང་ལོ་༨༢ ལ་སླེབས་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།