ཆེད་བརྗོད།
བོད་མི་རྒན་པ་མང་པོ་ཞིག་གིས་རྩེད་འགྲན་ལ་ངོས་འཛིན་བྱེད་སྟངས་ཅུང་མི་འདྲ་ལ། དེ་ལ་བརྟེན་ནས་ཤུགས་རྐྱེན་ག་རེ་ཡོད་མེད་ཀྱང་དེ་ཙམ་ཤེས་རྟོགས་མེད་པ་ལྟ་བུར་གྱུར་ཡོད། ལོ་རྒྱུས་ཐོག་ནས་བཤད་ན་བོད་རང་བཙན་མ་ཤོར་བའི་སྔོན་བོད་དུ་རྐང་རྩེད་སྤོ་ལོ་རྩེད་འགྲན་བྱ་རྒྱུའི་སྲོལ་དར་ཡོད་ནའང་། དེ་ལ་དོགས་པ་དང་ཐེ་ཚོམ་རྣམ་རྟོག་སྣ་ཚོགས་བྱེད་མཁན་བྱུང་ཡོད་པ་མ་ཟད།ཁ་ཤས་ཀྱིས་སངས་རྒྱས་ཀྱི་དབུ་ལ་རྡོག་རྒྱག་གཞུས་པ་ཞིག་ཡིན་པས་བདག་ཅག་གི་སྟོན་པ་དང་བསྟན་པ་ལ་ཁྱད་གསོད་བྱས་པ་ཞིག་ཡིན་པའི་ངོས་འཛིན་དང་འགྲེལ་བརྗོད་བྱེད་མཁན་བྱུང་ནས་རྐང་རྩེད་སྤོ་ལོ་རྩེད་འགྲན་དེ་དར་ཁྱབ་བྱུང་ཐུབ་མེད། དེའི་སྐོར་ལ་གླེང་ཕྱོགས་མང་པོ་ཡོད་ཀྱང།སྐབས་དེ་ཙམ་ལ་ལྷ་སར་ཟི་ལིང་ནས་ཡོང་བའི་རྒྱ་ཁ་ཆེའི་རྐང་སྤོལ་རུ་ཁག་དང། ལྷ་སར་ཡོད་པའི་ཁ་ཆེའི་རྐང་སྤོལ་རུ་ཁག་གཉིས་ཀྱིས་རྩེད་འགྲན་བྱས་པའི་ལོ་རྒྱུས་ཀྱང་ཡོད་འདུག་པས། གོང་གི་དོགས་པ་དང་འགྲེལ་བཤད་དེ་རྒྱབ་ལྗོངས་དེ་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན་མི་སྲིད་པ་རེད་མི་འདུག
ད་དུང་རེ་ཟུང་གིས་སྤོ་ལོ་རྩེད་སྲོལ་བོད་ནས་དར་བ་དང། དེ་ཡང་ཐོག་མ་རྟ་ཐོག་སྤོ་ལོའི་རྩེད་འགྲན་གཞི་ལ་བཞག་ནས་བྱུང་བ་ཞིག་ཡིན་ཞིང། ད་དུང་མིང་ཡང་བོད་པའི་སྤོ་ལོ་ཞེས་པའི་སྒྲ་གདངས་ལ་བརྟེན་ནས་དབྱིན་སྐད་ནང་Ballཞེས་པ་དེ་བྱུང་བ་ཡིན་པའི་འགྲེལ་བརྗོད་བྱེད་མཁན་ཡང་འདུག་མོད། འདི་དག་མང་ཆེ་བ་བསམ་ཚུལ་ཙམ་ལས་ཆེད་དུ་ཞིབ་འཇུག་ཚད་ལྡན་བྱས་ནས་ཐོབ་པའི་ཆོད་སྡོམ་ཞིག་ཡིན་མིན་ཡང་བཤད་དཀའ་ཚོད་དུ་སྣང། གང་ལྟར་ཉེ་བའི་ཆར་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ལ་གོ་ལའི་ཤར་ནུབ་གང་སར་ཡོད་པའི་མི་མང་གིས་དོ་སྣང་བྱས་ཡོད་པ་དང། གོ་སྒྲིག་པ་ཁ་ཊར་(Qatar)རྒྱལ་ཁབ་ཀྱི་ངོས་ནས་རྩེད་འགྲན་གྲ་སྒྲིག་གི་འཛུགས་སྐྲུན་སོགས་ཀྱི་ཆེད་འགྲོ་སོང་ཨ་སྒོར་དུང་ཕྱུར་༢༠༠༠ ལྷག་བཏང་བའི་གནས་ཚུལ་འདུག་ལ། ད་ལྟའི་རྩེད་འགྲན་འདིའི་ཨང་བཅུ་དྲུག་ནང་ཚུད་པ་ཡན་ཆད་ནས་ཨང་དང་པོའི་བར་བྱ་དགའ་གཅིག་པུར་ཨ་སྒོར་ས་ཡ་༤༤༠ ཡིན་འདུག་པས། རྩེད་འགྲན་འདི་ནི་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་དང་དགའ་མོས་འགྲོ་སོང་བཅས་ཆེ་ཤོས་ཡིན་འདུག
རྩེད་འགྲན་འདི་ལ་བརྟེན་ནས་ཁ་ཊར་རྒྱལ་ཁབ་ཀྱི་མིང་གོ་མ་མྱོང་མཁན་མང་པོ་ཞིག་གོ་ལ་ཧྲིལ་པོར་ཤེས་རྟོགས་གསལ་པོ་བྱུང་ཡོད་ལ། ལོ་འདིར་ཨང་དང་པོ་ལེན་མཁན་མི་འབོར་ས་ཡ་༤༥ཙམ་ལས་མེད་པའི་ལྷོ་ཨ་རིའི་རྒྱལ་ཁབ་ཆུང་ཆུང་ཨར་ཇིན་ཊི་ན་(Argentina)ལྟ་བུར་མཚོན་ན་འཛམ་གླིང་ཤར་ནུབ་ཀྱི་མི་མང་པོ་ཞིག་གིས་ཤེས་རྟོགས་ཡོད་པ་དེ་གཙོ་བོ་རྐང་སྤོལ་རྩེད་འགྲན་ནང་སྐད་གྲགས་ཆེན་པོ་ཡོད་པས་བྱུང་ཡོད་ལ། དེ་བཞིན་ལྷོ་ཨ་རིའི་རྒྱལ་ཁབ་བྷི་རཱ་ཛིལ་(Brazil)ལྟ་བུར་མཚོན་ནའང་འཛམ་གླིང་མི་མང་གི་ཁ་རུ་གོམས་འདྲིས་སོང་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་སྐད་གྲགས་ཆེན་པོ་ཡོད་པས་རེད། མི་སྒེར་ཞིག་གི་ངོས་ནས་བཤད་ཀྱང་རྩེད་འགྲན་པ་གྲགས་ཆེན་རྣམས་ལ་མཚོན་ན་ཡོང་འབབ་ཆེ་ཤོས་ཀྱི་ལས་རིགས་ཤིག་ཡིན་པ་མ་ཟད། འཛམ་གླིང་མི་མང་གི་ནང་རྩེད་འགྲན་པ་གྲགས་ཅན་མེ་སི་(Lionel Messi)དང། རོ་ནཱལ་ཌོ་(Cristiano Ronaldo)ལྟ་བུ་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་མི་སྣར་གྱུར་ཡོད།
འཛམ་གླིང་སྤྱི་ཡོངས་ནས་མི་འབོར་ཐེར་འབུམ་༨༠ བརྒལ་ཟིན་པའི་ཁོངས་ནས་རྒྱ་གར་དང་རྒྱ་ནག་ལ་མཚོན་ན་འཛམ་གླིང་མི་འབོར་གྱི་སུམ་ཆ་གཅིག་ལྷག་ཟིན་ཡོད་ནའང། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཚུད་ཐུབ་ཀྱི་མེད་པ་དང། ཕྱི་ལོ་༢༠༠༡ ལོར་རྒྱ་ནག་རྩེད་འགྲན་ནང་ཚུད་ཙམ་བྱུང་ཡང་རྩེད་འགྲན་ཐེངས་གསུམ་ལ་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་ཀླད་གོར་གསུམ་ལེན་དགོས་བྱུང་ཡོད་པ་དང། རྒྱ་གར་ནི་རྩེད་འགྲན་དེའི་ནང་དུ་འཚུད་རྒྱུའི་རེ་བ་ཙམ་ཡང་ད་དུང་ལོ་མང་རིང་མེད་པའི་སྐད་ཆ་རེད། རྒྱལ་ཁབ་མེད་པའི་བོད་མི་རྣམས་ལ་མཚོན་ན་འགྲན་སྡུར་འདིའི་ནང་ནུས་ཅན་གྱི་མི་སྣ་ཡོད་པའི་དབང་དུ་བཏང་ཡང། རྒྱལ་ཁབ་མེད་པས་ཚུད་ཐབས་མེད་ལ།ནུས་པ་ཅན་གྱི་མི་སྣའང་ད་ལྟའི་ཆར་གསོ་སྐྱོང་ཐུབ་པའི་རེ་བ་གང་ཡང་མེད་པ་ནི་བཙན་བྱོལ་བ་དང་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་ཤེས་རྟོགས་མི་ཐུབ་པ་ཞིག་མ་རེད། འོན་ཀྱང་རྩེད་འགྲན་འདི་ལ་དུས་རྒྱུན་དོ་སྣང་དང་མཐུན་རྐྱེན་ཡང་ང་རང་ཚོ་ལ་དཔག་ཚོད་ཀྱིས་སྦྱར་གང་ཐུབ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།
མདོར་ན་རྩེད་འགྲན་ནི་རྩེད་མོ་གཅིག་པུ་ཙམ་མ་ཡིན་པར། རྒྱལ་ཁབ་སོ་སོའི་འཛམ་གླིང་མི་མང་གིས་ཤེས་རྟོགས་བྱ་སའི་སྡིངས་ཆ་གཙོ་བོ་ཞིག་ཡིན་པ་དང། རྒྱལ་ཁབ་སོ་སོའི་མཚན་མཐོང་དང་ལ་རྒྱ་རྩོད་ལེན་བྱེད་སའི་སྡིངས་ཆ་འགྲན་ཟླ་བྲལ་བ་ཞིག་ཡིན་པའང་སྨྲོས་མི་དགོས་པ་རེད། ཁ་སང་རྟིང་རྩོད་འགྲན་སྡུར་སྐབས་ཧྥ་རན་སིའི་སྲིད་འཛིན་གྱིས་རྩེད་འགྲན་པར་སེམས་གསོ་གནང་བར་ཡིད་སྨོན་བྱེད་མཁན་མང་ཡང། འཛམ་གླིང་མི་མང་ཕར་ཞོག ཧྥ་རན་སི་གཅིག་པུའི་ནང་དུའང་སྲིད་འཛིན་མཱེཀ་རོན་(Emmanuel Macron)ལས་རྩེད་འགྲན་པ་གྲགས་ཅན་མ་བྷ་པེ་(Kylian Mbappe)ལ་དགའ་མོས་བྱེད་མཁན་མང་བ་ཡོད། གང་ལྟར་རྩེད་འགྲན་འདིའི་ཤུགས་རྐྱེན་དང་ནུས་པ་གང་ཐད་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་པས། རྒྱ་གར་ནག་ལྟ་བུས་ནུས་པ་ཐོན་མི་ཐུབ་སར་བོད་པར་གོ་སྐབས་དམིགས་བསལ་ཞིག་མེད་ཀྱང། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པས། བོད་མི་ཚོའི་ངོས་ནས་རྩེད་འགྲན་འདི་ལ་དོ་སྣང་དང་སྦྱོང་བརྡར་དགོས་པ་དེ་གལ་ཆེན་པོ་རེད་སྙམ།།