རྩོད་རྙོག་ཅན་གྱི་ཧོང་ཀོང་གློག་བརྙན་ལ་བྱ་དགའ་ཐོབ་པ།
ཟླ་འདིའི་ཚེས་༣ ཉིན་ཧོང་ཀོང་གི་གློག་བརྙན་ལོ་བཅུ་ཞེས་པ་དེ་སྙན་གྲགས་ཆེ་བའི་ཧོང་ཀོང་གི་གློག་བརྙན་དུས་སྟོན་ཞིག་ལ། གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་འདུག
གློག་བརྙན་དེ་ནི་ཕྱི་ལོ་༢༠༢༥ ཡི་ནང་རྒྱ་ནག་གི་མངའ་འོག་ཏུ་ཧོང་ཀོང་ལ་ཕུགས་བསམ་མེད་པ་དང། གདུག་རྩུབ་མྱོང་གི་ཡོད་པའི་སྒྲུང་ཞིག་ཡིན་འདུག་པ་དང། དེའི་ནང་རིག་གནས་གསར་བརྗེའི་དུས་སྐབས་ལྟར་ཕྲུ་གུ་ཆུང་ཆུང་ཚོས་སྐེ་དཀྲིས་དམར་པོ་དང་སྒྲིག་ཆས་གྱོན་པ། དེ་བཞིན་མི་ཞིག་གིས་དབྱིན་ཇིའི་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བཏང་བ། ཧོང་ཀོང་ནང་རྒྱ་ནག་སྐམ་ས་ཆེན་པོའི་སྐད་མ་བརྒྱབ་པར་མི་མང་གིས་རྡུང་རྡེག་བྱེད་པ་སོགས་ཀྱི་འཁྲབ་ཚན་ཡོད་འདུག
གློག་བརྙན་དེ་རྒྱ་ནག་སྐམ་ས་ཆེན་པོའི་ནང་སྟོན་བཅུག་མེད་པ་དང། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེའི་སྐོར་བྲིས་པ་རྣམས་དྲ་རྒྱ་ནས་བསུབ་ཡོད་འདུག གློག་བརྙན་དེའི་ཐོན་སྐྱེད་བྱེད་པོས་གློག་བརྙན་དེ་ལ་བྱ་དགའ་སྤྲད་པ་ནི་གློག་བརྙན་དུས་སྟོན་དེའི་སྟེང་གི་བདེན་དཔང་ཚོའི་སྙིང་སྟོབས་དང་དྲང་བདེན་གྱི་བྱ་སྤྱོད་ཅིག་ཡིན་པས། ཐུགས་རྗེ་ཆེ་ཞུས་འདུག
གློག་བརྙན་དེ་ཕྱི་ལོ་༢༠༡༥ ཡི་ལོ་མཇུག་ལ་འགྲེམས་སྤེལ་བྱས་ཡོད་པས། དེ་ལས་ཡོང་འབབ་ཨ་སྒོར་ཁྲི་༧༨ ཙམ་རག་ཡོད་འདུག་སྟེ། རྗེས་སུ་གློག་བརྙན་ཁང་གི་བདག་པོ་ཚོས་གློག་བརྙན་དེ་སྟོན་རྒྱུ་མཚམས་འཇོག་བྱས་ཡོད་པ་དང། དེ་ཡང་རྒྱ་གཞུང་གིས་གནོན་ཤུགས་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་འདུག
ཧོང་ཀོང་གི་གློག་བརྙན་དུས་སྟོན་དེ་ནི་ཨེ་ཤི་ཡའི་གློག་བརྙན་དུས་སྟོན་ཚད་མཐོ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།