རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་གལ་ཆེན་པོ་རེད།
ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འཐུས་ཚོགས་གྱི་གོ་སྒྲིག་འོག དྷ་སའི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་མོན་གྷོ་ས་གནས་འཐུས་མི་ཚོར་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས་སྐོར་གྱི་བརྗོད་གཞིའི་ཉིན་བཞིའི་རིང་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།
ཟབ་ཁྲིད་གནང་མཁན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་དང་མཉམ་ཞིབ་སྡེ་ཚན་གྱི་འགན་འཛིན་བསོད་ནམས་དབང་ཕྱུག་གཉིས་ཡིན་པ་དང་། རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་དེ་ཐོག་མར་ག་དུས་བཙུགས་པ་ཡིན་མིན་སྐོར་ལ་བཀའ་འདྲི་ཞུས་པར། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་༢༠༠༡ ལོ་སྟེ་ཟླ་བ་༥ པའི་ཚེས་༡ ཉིན་རང་གཞུང་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་འོག་ལ་བཙུགས་པ་རེད། དེ་ནས་ལོ་གསུམ་རྗེས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོ་བོར་བསྒྱུར་བ་རེད།
རིམ་པས་རྒྱ་གར་གཞུང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་དེབ་སྐྱེལ་དང་། ཕྱི་རྒྱལ་ནས་རོགས་དངུལ་ལེན་ཆོག་པའི་རྒྱ་གར་གཞུང་ལ་ཆོག་མཆན་ཞུས། ད་ལྟ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་དེ་འགན་འཛིན་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་ཐོག་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚད་ལྡན་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་སོང་།
འདི་ལྟར་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་སྤྲོད་དགོས་པའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ། ལྷག་པར་ས་གནས་འཐུས་མི་ཚོར་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་སྤྲོད་དགོས་པའི་རྒྱུ་མཚན་གང་ཡིན་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར།
ཁོང་གིས། སྤྱིར་བཏང་འཚེ་མེད་ཞི་བའི་རྩོད་རྙོག་འདུམ་སྒྲིག་ཟེར་བ་དེ་མང་གཙོའི་རྒྱལ་ཁབ་དང་མང་གཙོ་ཡར་ཐོན་ཅན་དུ་འགྱུར་བ་ལ་མེད་དུ་མི་རུང་བའི་ཆ་ཤེས་ཤིག་རེད། མང་གཙོ་ཟེར་བ་དེ་གཙོ་བོ་རང་དབང་གི་ཐོག་ནས་མིའི་རྣམ་དཔྱོད་དེ་བེད་སྤྱོད་གཏང་ཐུབ་པ་དེ་མང་གཙོའི་ཁེ་ཕན་ཆེ་ཤོས་དེ་རེད། མི་སོ་སོའི་རྣམ་དཔྱོད་འདོན་ཐུབ་པ་ལ་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་འདི་དག་གལ་ཆེན་པོ་ཞེ་དྲག་ རེད། སྤྱིར་བཏང་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་འདི་དག་བཀའ་བཀོད་རྒྱུད་འཛིན་གྱི་འོག་ནས་མ་ཡིན་པར། མི་དང་མིའི་གྲོས་བསྡུར་གྱི་ཐོག་ནས་ཕན་ཚུན་བསམ་ཤེས་དང་མཉམ་མཐུན་གྱི་ཐག་གཅོད་ཐོག་འགྲོ་རྒྱུ་ཞིག་ཡིན་པས། དེ་འདྲའི་མཉམ་འབྲེལ་དང་མཉམ་གནས་ཡོང་བའི་ཆེད་དུ་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དེ་སྤྱི་ཚོགས་ནང་གལ་ཆེན་པོ་ཞེ་དྲག་རེད། ལྷག་པར་དུ་མང་གཙོའི་བརྒྱུད་རིམ་ནང་གནད་དོན་ཆེ་ཆུང་ག་རེ་ཡིན་ཡང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་རེད། གྲོས་མོལ་གྱི་ལམ་ནས་ཡོང་བ་ལ། གལ་ཆེ་ཤོས་དེ་བརྡ་ལན་གྱི་སྒྱུ་རྩལ་དེ་དག་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། རྩོད་རྙོག་འདུམ་སྒྲིག་གི་ནང་ནས་གལ་ཆེ་ཤོས་གཅིག་བརྡ་ལན་གྱི་སྒྱུ་རྩལ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་དམིགས་བསལ་བཙན་བྱོལ་ནང་གི་གཞིས་ཆགས་ཆེ་ཤོས་མོན་གྷོ་ས་གནས་འཐུས་ཚོགས་ལ་ཟབ་སྦྱོང་འདི་སྤྲོད་དགོས་དོན་གཙོ་བོ་སྤྱི་ཚོགས་ནང་གི་འགན་ཁུར་མི་སྣ་ཡིན་པས། དམིགས་བསལ་ནུས་པ་ཞིག་འདོན་ཐུབ་ཀྱི་ཡོད་པས་ས་གནས་གྲོས་ཚོགས་རང་ནས་རེ་འདུན་བཏོན་པ་གཞིར་བཟུང་གིས་ཟབ་སྤྱོང་འདིའི་མཐུན་རྐྱེན་དང་བཅས་གོ་སྒྲིག་ཞུས་བཞག་པ་ཞིག་ཡིན། རྩ་བའི་རྩོད་རྙོག་ཟེར་བ་དེ་སྤྱི་ཚོགས་དང་མི་སྒེར་བཅས་སུ་ཡོང་བསྡད་པ་ཞིག་རེད། དེ་ལྟར་ཡོང་བ་ཙམ་གྱི་ཛ་དྲག་ཏུ་བརྩི་དགོས་ཀྱི་ཡོད་པ་མ་རེད། དེ་ལ་གདོང་ལེན་དེ་ང་ཚོའི་བཟང་ཕྱོགས་ངན་ཕྱོགས་གང་འདྲ་ཞིག་གི་ཐོག་ནས་བྱེད་ཀྱི་ཡོད་མེད་དེ་རེད། རྩ་བའི་རྩོད་རྙོག་འདུམ་སྒྲིག་གི་ཐབས་ཇུས་དེ་དག་མི་སུ་འདྲ་ཞིག་ཡིན་ན་སོ་སོའི་ལས་དོན་དང་མི་ཚེ་དེ་བཟང་ཕྱོགས་སུ་འགྲོ་ཐུབ་པའི་རྒྱུ་རུ་འགྱུར་གྱི་ཡོད་པས། ལས་ཀྱི་སྣེ་མོ་བའི་མཚོན་པའི་མི་མང་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་འདི་སྤྲོད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།
གཞིས་རྩའི་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། ཡིན་ན་ཡང་ནང་གསེས་བརྗོད་གཞི་ཁག་མི་འདྲ་བ་ག་ཚོད་ཀྱི་ཐོག་ཟབ་སྦྱོང་སྤྲོད་ཀྱི་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་པར།
ཁོང་གིས། སྤྱིར་བཏང་ཟབ་སྦྱོང་གི་བརྗོད་གཞི་མང་པོ་ཡོད་པ་རེད། དེའི་ནང་ནས་གལ་ཆེ་ཤོས་ཏེ་དཀའ་ངལ་གང་འདྲ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་ཡིན་ན་འཚེ་མེད་ཞི་བའི་ཐོག་ནས་བརྡ་ལན་གྱི་སྒྱུར་རྩལ་དེ་དག་གཙོ་བོ་གཅིག་རེད། དེ་ནས་རྩོད་རྙོག་བྱུང་བ་ཡིན་ན་གཞི་རྩིའི་འདུམ་སྒྲིག་བྱེད་ཕྱོགས་ཀྱི་རིམ་པ་དེ་གཅིག་རེད། གལ་ཆེ་ཤོས་གཅིག་༧གོང་ས་མཆོག་གིས་མཚོན་འཛམ་གླིང་གིས་མཁས་པ་མང་པོས་གསུངས་བསྡད་ཡོད་པ་རེད། དུས་རབས་ཉེར་གཅིག་པ་འདི་འབྲེལ་མོལ་གྱི་དུས་རབས་ཤིག་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད། བྱས་ཙང་ནམ་རྒྱུན་གྱི་བཀའ་མོལ་དང་ཁྱད་པར་ཆེན་པོ་ཡོད་པ་རེད། འབྲེལ་མོལ་བྱེད་པ་ལ་ཆ་རྐྱེན་དང་ཐབས་ལམ་སོགས་ག་རེ་ཚང་དགོས་ཀྱི་ཡོད་མེད་སོགས་དང་། གཙོ་ཆེ་ཤོས་གཅིག་བཀའ་མོལ་གྱི་བརྒྱུད་ལམ་ནས་ཕར་ཕྱོགས་ཀྱི་མི་དེའི་སེམས་ལ་དོགས་པ་མ་འགྲོ་བའི་ཐོག་ནས་སོ་སོའི་ལས་དོན་འགྲུབ་ཐུབ་པ་ལ་བཀའ་མོལ་ག་རེ་གནང་དགོས་ཀྱི་ཡོད་པ་དང་། དེ་ལ་ཆ་རྐྱེན་ག་རེ་ཚང་དགོས་ཀྱི་ཡོད་མེད། དེ་བཞིན་ཕར་ཕྱོགས་ནས་བཀའ་མོལ་གནས་ལུགས་དང་མི་མཐུན་པ་ཞིག་གནང་ན་དེ་ལ་གདོང་ལེན་གང་འདྲ་བྱེད་དགོས་མིན་དང་། དེ་དང་མཉམ་དུ་འཛམ་གླིང་འདིའི་ནང་ཆབ་སྲིད་ཀྱི་ལམ་ལུགས་མང་པོ་ཞིག་ཡོད་པའི་ནང་ནས་མང་གཙོ་ཟེར་བ་དང་གཞན་དང་མི་འདྲ་བ་ཞིག་ཡིན་པ་དང་ལྷག་པར་དུ་ང་རང་ཚོ་བཙན་བྱོལ་བོད་མིའི་གཞུང་ཡང་དག་པའི་མང་གཙོའི་ལམ་ལ་འགྲོ་ཡི་ཡོད་པ་རེད། ཡིན་ན་ཡང་མང་གཙོའི་སྙིང་དོན་དེ་ག་རེ་ཡིན་མིན་སྐོར་ལ་རྩོད་རྙོག་འདུམ་སྒྲིག་དང་འབྲེལ་ནས་གོ་རྟོགས་ཟབ་ཏུ་གཏོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་ཅེས་དང་།
བཙན་བྱོལ་བོད་མིའི་ས་ཁྱོན་ཡོངས་སུ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་ཐེངས་ག་ཚོད་སྤྲད་ཐུབ་ཡོད་མེད་དང་དེིའི་གྲུབ་འབྲས་གང་འདྲ་ཞིག་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་མེད་སྐོར་ལ་བཅར་འདྲི་ཞུ་པར།
ཁོང་གིས། ཕྱི་ལོ་༢༠༡༡ ནས་མགོ་བཙུགས་ཏེ་ད་ལྟའི་བར་དུ་རྒྱ་བལ་གཉིས་ཀྱི་ནང་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་ཐེངས་༢༥༠ ལྷག་ཞིག་སྤྲོད་ཐུབ་པ་བྱུང་ཡོད། རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་འདི་མིའི་རྣམ་དཔྱོད་དང་ཤེས་རབ་ལ་འགྱུར་བ་ཞིག་ཐེབས་བྱེད་ཞིག་ཡིན་པས། འཛུགས་སྐྲུན་གྱི་ལས་གཞི་ནང་བཞིན་རྡོག་རྡོག་ཅིག་ལྟོན་རྒྱུ་ཁག་པོ་རེད། ཡིན་ན་ཡང་གྲུབ་འབྲས་ཡག་པོ་ཐོན་ཡོད་པར་གང་འདྲ་ཞིག་ངོས་འཛིན་བྱེད་ཀྱིན་ཡོད་ཟེར་ན། སྔོན་མ་ནང་བཞིན་མ་ཡིན་པར་དེ་རིང་སང་ཉིན་གཞིས་ཆགས་གང་ས་ནས་ང་ཚོར་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་གང་མང་མང་སྤྲོད་རོགས་ཟེར་ནས་ཡོང་བསྡད་པ་དེ་གྲུབ་འབྲས་གཅིག་དང་། ལྷག་པར་དུ་ཤེས་ཡོན་གྱི་སྡེ་ཚན་ཁག་མང་པོ་ཞིག་ལ་ང་ཚོས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། དེ་དག་གི་བརྒྱུད་རིམ་ནང་མ་མཐུན་པ་བྱུང་བཞིན་པ་མཐུན་འབྲེལ་ཡོང་བ་དང་། དེ་ལས་གལ་ཆེ་བ་རྒྱ་གར་ཡུལ་མི་དང་བོད་མིའི་བར་ལ་ཟབ་སྦྱོང་ཐེངས་ཁ་ཤས་སྤྲད་པ་རེད། རྒྱ་གར་ཡུལ་མི་ཚོའི་ངོས་ནས་ཡིན་ན་ཡང་སྔོན་མ་བོད་པ་ཚོར་དགའ་ཡི་མེད་དེ་ཟབ་སྦྱོང་འདི་སྤྲད་པ་ནས་བོད་པའི་དོན་ངོས་ཤེས་སོང་ལ། བོད་པ་ལ་བརྩེ་བ་དང་འདུ་ཤེས་འཛིན་སྟངས་གསར་བ་ཞིག་བསླབ་སོང་། ད་ནས་བཟུང་བོད་དོན་ལས་འགུལ་གང་འདྲ་ཞིག་ཡིན། ང་ཚོ་མཉམ་ཞུགས་བྱེད་ངེས་ཡིན་ལ། མ་འོངས་པར་ཟབ་སྦྱོང་སྤྲོད་རོགས་ལབ་ཀྱི་འདུག བོད་པའི་ངོས་ནས་ཡིན་ན་ཡང་རྒྱ་གར་ཡུལ་མི་དང་མཐུན་འབྲེལ་སྔར་ལྷག་ཡོང་རྒྱུར་ཕན་ཐོགས་ཀྱི་འདུག ད་ལྟའི་ཆར་ང་ཚོའི་ཕར་ལ་ལབ་མི་དགོས་པར་ཚུར་ལ་ང་ཚོ་ལ་ཟབ་སྤྱོང་སྤྲོད་རོགས་ལབ་ཀྱི་འདུག དེ་ཡང་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཡང་དབུས་སྣེ་ལེན་ཁང་ལ་ཕེབས་མཁན་རིམ་པ་དང་། ཤེས་རབས་དགའ་ཚར་སློབ་གླིང་གི་འཛིན་གྲྭ་ཐོན་རིམ་བཞིན་བོད་ནས་ཕེབས་མཁན་མང་པོ་ཞིག་ལ་ལོ་རྟག་པར་ཟབ་སྦྱོང་སྤྲད་ཐུབ་པ་བྱུང་ཡོད། དེ་འདྲའི་བརྒྱུད་ལམ་ནས་བོད་ནང་ལོགས་སུ་ཡང་ཤུགས་རྐྱེན་ཏོག་ཙམ་ཐེབས་ཀྱི་ཡོད་པ་དང་། མདོར་ན་ང་ཚོའི་ནང་ཁུར་འཆམ་མཐུན་དེ་ཡག་ཏུ་འགྲོ་རྒྱུའི་རེ་བ་ཆེན་པོ་དང་། གང་ལ་གང་མཚམས་ཕན་ཐོགས་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་གསུངས་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།