རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ད་ལོའི་ཕྱི་ཟླ་ ༡ པོའི་ནང་དུ་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་རྗེས། ད་བར་དུ་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡིན་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་འདུག
ཕྱི་ཟླ་༤ པའི་ཚེས་༤ ཉིན་ཨ་རིའི་རླུང་འཕྲིན་ཁང་བོད་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། <<ང་ཚོ་སད་རན།>>དང་། <<རང་ལམ་རང་འཚོལ།>>གྱི་རྩོམ་པ་པོ་“སྒོ་ཤེས་རབ་རྒྱ་མཚོ་ཉེ་ཆར་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་པའི་རྗེས་ལ་ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་”ཡོད་འདུག
དེ་ཡང་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། རྩོམ་པ་པོ་ཁོང་ད་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་གྲོང་ཁྱེར་ཁྲི་འདུ་ནས་འཛིན་བཟུང་བྱས་ཤིང་། ཁོང་འཛིན་བཟུང་བྱེད་མཁན་“བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣ་”ཡིན་འདུག
རྩོམ་པ་པོ་ཁོང་ཅིའི་ཕྱིར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་། གང་དུ་བཙན་ཁྲིད་བྱས་པ། འཛིན་བཟུང་བྱས་པ་ནས་བཟུང་སྟེ་ད་ལྟའི་བར་གྱི་གནས་སྟངས་གང་ཡིན་སོགས་ཤེས་རྟོགས་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ནས་གནས་ཡོད་འདུག
མིང་བཤད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་རྩོམ་པ་པོ་ཁོང་གི་ཁྱིམ་མི་ཉེ་འབྲེལ་ཚོར་ཁོང་“རང་འཛིན་བཟུང་བྱས་པའི་གནས་ཚུལ་གསང་རྒྱ་བྱེད་དགོས་”ཞེས་བཙན་བཀའ་བཏང་བ་མ་ཟད། “དེ་ལྟར་མ་བྱས་ན་ཁྲིམས་འགལ་ཡིན་ཅེས་འཇིགས་སྐུལ་ཡང་བྱས་ཡོད་”འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། ཚོང་པ། སྐད་ཡིག་སྲུང་སྐྱོབ་པ། ཁོར་ཡུག་ལས་འགུལ་བ་སོགས་མདོར་ན་བོད་ཀྱི་ཤེས་རིག་དང་དཔལ་འབྱོར་ལ་ཕན་ནུས་ཐོན་མཁན་གྱི་མི་སྣ་རྣམས་ཁྲིམས་མེད་ལུགས་ཀྱིས་འཛིན་བཟུང་བྱས་ཏེ་འབུར་འཇོམས་བྱེད་པ་ནི་རྒྱ་ནག་གཞུང་གི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཆགས་ཡོད་པ་མ་ཟད། རྒྱུན་པར་འཛིན་བཟུང་བྱས་པའི་མི་སྣ་དེ་དག་“ཁ་བྲལ་རིང་ལུགས་”ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་སྣ་ཚོགས་གཡོགས་ནས་ལོ་མང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད།
སྒོ་ཤེས་རབ་རྒྱ་མཚོ་ནི་བོད་ཕྱི་ནང་གཉིས་ཀར་མིང་དུ་གྲགས་པའི་རྩོམ་པ་པོ་དང་། སློབ་གསོ་བ། དགེ་རྒན་ཞིག་ཡིན་ཞིང་། ཁོང་གིས་ད་བར་དུ་<<ང་ཚོ་སད་རན།>>དང་། <<རྒྱུན་ཤེས་དང་ལམ།>> <<རང་ལམ་རང་འཚོལ།>>ལ་སོགས་པའི་བརྩམས་ཆོས་གྲགས་ཆེ་བ་མང་པོ་ཞིག་བརྩམས་གནང་ཡོད་པའི་ཐོག ཁོང་གིས་དཔེ་ཁྲིད་གནང་བ་དེབ་གཟུགས་སུ་པར་དུ་བསྐྲུན་པ་<<ཧི་མ་ལ་ཡའི་ཕར་ཚུར།>>སོགས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།