རྩོམ་པ་པོ་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལོ་བཞིའི་རྗེས་གློད་བཀྲོལ་བཏང་འདུག
རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་བཙོན་འཇུག་བྱས་ནས་ལོ་ངོ་བཞིའི་རྗེས་གློད་བཀྲོལ་བཏང་འདུག་པ་དང་། བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་པ། གཞོན་སྐྱེས་ཚོས་ཁོང་གློད་བཀྲོལ་བཏང་བར་དགའ་ཚོར་ཆེན་པོས་སྙན་རྩོམ་སོགས་དྲྭ་ལམ་དུ་སྤེལ་བཞིན་འདུག
ཟླ་འདིའི་ཚེས་༩ ཉིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་གློད་བཀྲོལ་ཐོབ་ནས་ཕྱིར་ཁྱིམ་དུ་ལོག་ཡོད་པར་བརྟེན། བོད་ནང་གི་གཞོན་སྐྱེས་མང་པོས་དགའ་ཚོར་དང་བཅས་ཁོང་ལ་འཚམས་འདྲི་དང་རྩོམ་ཡིག་བྲིས་ནས་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་འདུག་ལ། ཁ་སང་ཁོང་གིས་ཤིས་པར་གྱུར་ཅིག་ཅེས་པའི་སྙན་རྩོམ་ཞིག་བྲིས་ཡོད་པ་དེ། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་པོས་བརྒྱུད་ལམ་ཁག་ཏུ་ཡང་སྤེལ་བཞིན་འདུག གཞན་ཡང་བོད་མི་མང་པོ་ཞིག་རྒྱ་གཞུང་གི་བཙོན་འོག་ནས་ཐར་ཡང་དྲག་དཀའ་བའི་ནད་རོ་བཟོ་གི་ཡོད་པས། ད་ལན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཀྱི་སྐོར་ཤེས་རྟོགས་ཡོང་གི་མེད་པ་རེད། འོན་ཀྱང་ཁ་དང་སྤེལ་བའི་ཁོང་གི་རྩོམ་ཡིག་ནང་དོན་ལྟར་ན་སྐུ་གཟུགས་ལ་སྐྱོན་ཆེར་མེད་པའི་རེ་བ་འདུག
སྤྱིར་རྩོམ་པ་པོ་ཁོང་ཕྱི་ལོ་༢༠༢༠ ལོར་རོང་བོ་དགོན་ནས་འཛིན་བཟུང་གིས་ལོ་གཉིས་ཙམ་དོ་དམ་བཀག་ཉར་བྱས་ནས། ཕྱི་ལོ་༢༠༢༡ ལོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ལོ་ངོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རོང་བོ་དགེ་འདུན་ལྷུན་གྲུབ་ནི་ཕྱི་ལོ༡༩༧༤ ལོར་རེབ་གོང་མདོ་བ་འབྲོག་ཏུ་སྐྱེས། རང་ལོ་བཅུ་དྲུག་ནས་བཟུང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་ལྔ་རིག་ནང་བསྟན་སློབ་གྲྭ་སོགས་ནས་སློབ་གཉེར་བྱས། དྲ་མིང་དང་སྨྱུག་མིང་ལ་གཟའ་དང་། དགེ་སྨྱོན། ལྷམ་ཀོག་སོགས་བཀོད་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ལོ་ངོ་བཅུ་ལྷག་ཕྱིན། བརྩམས་ཆོས་ལ་སྙན་ངག་གཞིར་བྱས་ཅུང་མང་། སྐབས་གཉིས་པའི་གངས་རྒྱན་མེ་ཏོག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་སྐོར་ཞིག་ཐོབ་མྱོང་། བརྩམས་ཆོས་ལ། (ཕྲེང་བ་ནག་པོ) དང་། (མི་ཚེའི་དབྱངས་རྟ) (གླེགས་བམ་དཀར་པོ།) (རྐང་གླིང་སྐྱ་བོ) (འཁོར་བ) ( ལྷ་ཆེན་པོའི་སྙན་ངག) སོགས་སྙན་ངག་རྐྱང་བའི་དེབ་དྲུག་བཏོན་ཡོད་པ་དང་། སྒྲུང་རྩོམ་དང་དཔྱད་རྩོམ་སོགས་རིགས་ཚན་གཞན་གྱི་སྐོར་ལའང་དེབ་འགའ་ཡོད་ཀྱང་པར་དུ་བསྐྲུན་མེད་པ་དང་། ཁོང་ལ་རྩོམ་རིག་བྱ་དགའ་ཐེངས་འགར་ཐོབ་མྱོང་ཡོད་འདུག།
ཁོང་གིས་བརྩམས་པའི་(ཤིས་པར་གྱུར་ཅིག) ཅེས་པའི་རྩོམ་ཡིག
རབ་ཞི་དོན་གཉེར་ལས་ཀྱི་ཤིང་རྟ་འདེད་མཁན་འཕགས་པ་ལྷ་ཡི་ལྷ།།
བདག་གི་སྤྱི་གཙུག་སྡོང་ལོ་གཡོ་བ་བཞིན་གྱུར་དེ་ཡི་སྟེང་དུ་ནི།།
བྱིན་རླབས་རྒྱུན་མི་ཆད་པ་གངྒཱ་བསྐྱིལ་བའི་རལ་ཀློང་ལྟར།།
འཆིང་བྱེད་འགུགས་བྱེད་མི་འཆོལ་མཆོད་པའི་མཛེས་པ་རྟག་ཏུ་ཤིས་པར་སྨོན།།
ལུས་ནི་མི་འགུལ་གྲིབ་མ་མི་གཡོ་བ།། རི་བོ་ལྟར་གྱུར་སེམས་ཀྱི་ཡུས་དག་ཀྱང་།།
འཇོ་བ་མ་རྙེད་ཡིད་ནི་གདུང་བྱེད་པ།། བསགས་པའི་ལས་ཀྱིས་བགྱིད་དོ་ཐབས་གཞན་གང་།།
ལོ་ཟླ་ཞག་དང་འགྲོགས་པའི་མིག་ཟུང་བུང་བ་དྲན་པས་མ་བཟུང་བ།།
མཆི་མར་དོན་གྱིས་བསྙེས་ཀྱང་ཨམ་ཚུགས་ཡོན་པོ་དེ་ཡིས་གནས་གང་དུ།།
རྟག་ཏུ་བྱ་ར་བགྱིས་པའི་དྲིན་གྱིས་ཁྱེད་ཅག་ཉེ་བའི་འགྲམ་ཀུན་ཏུ།།
ཞུམ་པར་མ་བྱས་དཔའ་བའི་ངང་ཚུལ་ནམ་ཡང་ཡི་གེར་བྲིས་པའོ།།
བརྩེ་བའི་ནགས་ཀློང་ག་ལ་བར།། རེ་བའི་གོམ་པ་སྤོ་མཛད་པའི།།
ཡབ་ཡུམ་ཕྱག་གི་ཕྲེང་བ་དེས།། ཉི་འོད་གང་དུ་མ་འགགས་སོ།།
སྐུལ་བ་བཞིན་དུ་ལྷ་དེ་དག། མཚོ་ལ་ངང་ངུར་ལྡང་བའི་དཔེ།།
རྟག་ཏུ་སེམས་ལ་འདུ་བ་ཤེས།།
སྐྱབས་ཀྱི་དམ་པ་ཇི་སྙེད་སྤྱན་གྱིས་གཟིགས་པ་མ་ལྷོད་པས།།
ཟགས་པའི་ལུས་པོ་འདི་འང་སྐྱོན་གྱིས་ཡོངས་སུ་བྲལ་བ་ནི།།
ཡར་ཚེས་ཟླ་བ་དང་མཚུངས་པདྨ་གསར་བའི་མཛེས་པ་ལྟར།།
འོད་ཀྱིས་འཚེར་རོ་རྣམ་ཀུན་འདི་ལ་རྣ་བ་ཕྱོགས་པའི་ཚོགས།།
འབྲལ་བ་དང་བྲལ་འཛོམས་པའི་རྩིག་པའི་ངོས།། རི་མོ་འབྲི་བའི་ལག་པའི་འདུ་བྱེད་ནི།།
སྣ་ཚོགས་འཛུམ་དང་ཉེ་བར་བསྡེབས་པ་ལ།། རྟག་ཏུ་གཡོ་མེད་ལྷ་རྣམས་ཀྱིས་ནི་སྲུང་གྱུར་ཅིག།
2024.11
གསར་འགོད་པ། བློ་བཟང་རྒྱ་མཚོ།