རྩོམ་པ་པོ་དང་དགེ་རྒན་གྲྭ་སྨོན་ལམ་རྒྱ་མཚོ་འཛིན་བཟུང་བྱས་འདུག

གསེར་རྟ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་དགེ་རྒན་གཅིག་ལྕོགས་གྲྭ་སྨོན་ལམ་རྒྱ་མཚོ་ཕྱི་ལོ་༢༠༢༡ ཟླ་༦ ཚེས་༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་ནས་བཟུང་ལོ་༡ ཟླ་༦ ཉིན་༤ ལྷག་འདས་ཀྱང་གློད་གྲོལ་བཏང་མེད་པ་མ་ཟད། ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་དང་། ཉེས་འཛུགས་ག་རེ་བྱས་ཡོད་མེད་ཙམ་གྱི་གནས་ཚུལ་འབྲེལ་ཡོད་གཉེན་ཉེ་རྣམས་ཀྱིས་ད་དུང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

བོད་ནས་འབྲེལ་ཡོད་མིང་བརྗོད་འདོད་མེད་པ་ཞིག་གིས་ཁུངས་ལྡན་གནས་ཚུལ་བརྒྱུད་གཏོང་བྱས་པ་ལྟར་ན། དེང་དུས་རྒྱ་གཞུང་གིས་བཅད་བགོས་བྱས་པའི་ས་ཁོངས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ནས་ཡིན་པ། རྩོམ་པ་པོ་དང་དགེ་རྒན་གྱི་ལས་ཀ་རྒྱུན་རིང་བྱས་དང་བྱེད་བཞིན་པ་གྲྭ་སྨོན་ལམ་རྒྱ་མཚོ་ནི། ཕྱི་ལོ་༡༩༧༦ ལོར་སྐྱེས་ཤིང་། ཆུང་དུས་ནས་རགས་བཀྲམ་བྱམས་གླིང་དུ་ཆོས་སྒོར་ཞུགས་ཏེ་བོད་ཀྱི་བརྡ་སྤྲོད་རིག་གནས་དང་སྙན་ངག ཆོས་སྤྱོད། སྔོན་འགྲོ་བློ་སྦྱོང་གི་ཆོས་སྐོར་སོགས་ལ་སྦྱངས་པ་བྱས། དེའི་རྗེས་སུ་བླ་རུང་ཆོས་སྒར་དུ་སོང་ནས་༧ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་དབུས་སྐྱེས་ཆེན་དམ་པ་དུ་མའི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་སྦྱང་བརྩོན་ལྷོད་མེད་བྱས།

ཕྱི་ལོ་༢༠༠༧ ལོར་གྲྭ་བཙུན་དང་མི་སྐྱ་ཕོ་མོ་བཅས་ཤེས་ཡོན་ཅན་གྲངས་༢༠ ལས་གྲུབ་པའི་ལྷག་བསམ་ཚོགས་ཆུང་ཞེས་པ་ཞིག་གསར་འཛུགས་བྱས་ནས། མི་ལོ་དུ་མའི་རིང་མདོ་སྨད་མགོ་ལོག་དང་། རྔ་པ། མཚོ་ལྷོ་ས་ཁུལ། རྒྱལ་མོ་རོང་གི་ས་གནས་ཁག  རྨེ་བ། ཁམས་བདེ་ཆེན་ས་ཁུལ། རྫ་ཆུ་ཁ། སྡེ་དགེ། གསེར་རྟ་སོགས་ས་གནས་ཁག་སུམ་ཅུ་ལྷག་ཅིག་ལ་སྔ་ཕྱིར་ཐེངས་དུ་མར་གླ་མེད་དང་བླངས་ཀྱི་ཐོག་ནས་བསྐྱོད་དེ། བོད་ཀྱི་བརྡ་དག་སོགས་སྐད་ཡིག་རིག་གནས་དང་། ནང་ཆོས་ངོ་སྤྲོད། རྒྱ་ཡིག་དང་སྤྱི་ཚོགས་སློབ་གསོ་སོགས་ཀྱི་ཐད་ད་བར་མི་གྲངས་ཁྲི་ཁ་ཤས་ལ་སློབ་ཁྲིད་ཀྱི་བྱ་བར་ཞུགས། ས་གནས་དེ་དག་ཀྱང་ཡིག་རྨོངས་དང་། དགེ་རྒན་གྱི་དཀའ་ངལ་ཧ་ཅང་ཆེ་བའི་ས་གནས་འབའ་ཞིག་ཡིན་ལ། གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད།

ལྷག་པར་དུ་ཁོང་གི་སྐྱེས་ཡུལ་དབལ་ཤུལ་གསེར་རྟའི་ནུབ་ཕྱོགས་རབ་བཀྲམ་བྱམས་པ་གླིང་གི་ཉེ་འགྲམ་དུ་«ཤེས་རབ་བློ་འཕེལ་སློབ་གྲྭ།»ཞེས་པ་གསར་འཛུགས་ཀྱིས་སློབ་ཚན་ཆ་བགོས་དང་དཔེ་ཁྲིད་སོགས་སྤྱི་ཡོངས་ཤེས་ཡོན་གྱི་འགན་ཁུར་ཆ་ཚང་བླངས། ད་ལྟའི་ཆར་སློབ་གྲྭ་དེ་ནས་ཐོན་པའི་སློབ་ཕྲུག་ནང་མཐོ་སློབ་འགྲིམ་བཞིན་པ་དང་། རྩོམ་ཡིག་སྣ་ཚོགས་སྤེལ་མཁན་ན་གཞོན་ཕོ་མོ་དུ་མ་ཞིག་སྐྱེད་སྲིང་བྱས་ཡོད། དེང་དུས་སློབ་གྲྭ་ཞིག་གི་སློབ་གསོའི་འགན་ཁུར་ལེན་དགོས་དུས་རྒྱ་གཞུང་གི་ངོས་ལེན་ཡོད་པའི་ཤེས་ཡོན་ལག་འཁྱེར་ཚད་ལྡན་ཞིག་དགོས་པ་དེ་གལ་ཆེན་པོ་ཡིན་པས། ལས་ཞོར་དུ་མཚོ་སྔོན་སློབ་གསོ་སློབ་གླིང་དུ་ཡིག་འགྲུལ་གྱི་ཐོག་ནས་སློབ་སྦྱོང་དང་དངོས་སུ་རྒྱུགས་སྤྲད་དེ་མཐོ་སློབ་ཀྱི་ལག་འཁྱེར་བླངས།

ཕྱི་ལོ་༢༠༠༥ ལོར་འགོ་འཛུགས་ཀྱིས་«ཁ་བ་ལ་འཁྱུད་པའི་ལྷག་བསམ།»ཞེས་པའི་དུས་དེབ་གསར་འདོན་གྱིས་རྩོམ་སྒྲིག་པ་གཙོ་བོའི་འགན་ཁུར་བླངས་པ་དང་། མུ་མཐུད་དུས་དེབ་དེའི་འགན་ཁུར་བླངས་ཡོད། དུས་དེབ་དེ་ནི་གསེར་རྟ་བླ་རུང་ཆོས་སྒར་ནས་བཏོན་པའི་དུས་དེབ་ཐོག་མ་དེ་ཆགས་ཡོད་ཅིང་། གཞན་ཡང་དུས་དེབ་ཁག་ཅིག་རྩོམ་སྒྲིག་འདོན་འགྲེམས་བྱས་ཡོད་པ་དང་། བོད་ནང་གི་འཕྲིན་སྟེགས་ཆེ་གྲས་མང་པོའི་ནང་ཁོང་གི་རྩོམ་ཡིག་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་འདུ

ཁོང་རང་ཉིད་ཀྱིས་བརྩམས་པའི་དཔེ་དེབ་དྲུག་པར་སྐྲུན་བྱས་ཡོད་ཅིང་། དེ་ཡང་«ཞོགས་ཁའི་སྨྱུག་གླིང་ཁེར་འབུད།»དང་། «སོ་ཁམ།» «སྟག་མའི་མེ་ཏོག» «ངག་གི་རྩལ།» «མེ་ལོང་ཆག་རོ།» «རབ་བཀྲམ་བྱམས་པ་གླིང་»གི་ལོ་རྒྱུས་སོགས་བརྩམས་ཆོས་གང་མང་ཞིག་ཡོད་པ་དང་། སྨྱུག་མིང་ལ། ལྷོ་སྤོས་དཀར་དང་། དྲ་མིང་ལ། ཆར་གདུགས། ཆུང་མིང་ལ་སྒྲུབ་ཚེ་ཟེར་ཞིང་། ཁོང་ནི་རྩོམ་རིག་དང་སློབ་གསོའི་ཐོག་ལ་བྱས་རྗེས་ཆེན་པོ་བཞག་མྱོང་བའི་མི་སྣ་ཞིག་ཡིན་འདུག་ལ། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ལ་གང་ལ་བརྟེན་ནས་ཡིན་པ་ཡུལ་མི་གཉེན་ཉེ་སུས་ཀྱང་ཁ་གསལ་ཤེས་རྟོགས་ཐུབ་མེད་པའི་གནས་ཚུལ་འདུག

འབྲེལ་ཡོད་ལ་ཁོང་འཛིན་བཟུང་བྱས་ནས་ད་བར་གནས་ཚུལ་ཁྱབ་བསྒྲགས་མི་བྱེད་པའི་རྒྱུ་མཚན་གང་ཡིན་དྲིས་པར། ཐོག་མ་འཛིན་བཟུང་སྐབས་གང་མགྱོགས་གློད་གྲོལ་གཏོང་རྒྱུའི་རེ་བ་བརྒྱབ་ནས་གནས་ཚུལ་ཁྱབ་བསྒྲགས་མ་བྱས་པ་ཡིན་ལ། ལོ་༡ ཟླ་༦ ཉིན་༤ ལྷག་འདས་ཀྱང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ཤི་གསོན་གྱི་གནས་ཚུལ་གང་ཡིན་ཙམ་ཡང་ཤེས་རྟོགས་མི་ཐུབ་པས་གནས་ཚུལ་འདི་མཁོ་སྤྲོད་བྱས་པ་ཡིན་ཚུལ་ཡང་བརྗོད་སོང་།།

Share this:

Leave a Reply