རྫ་དཔལ་སྤྲུལ་གྱི་རྣམ་ཐར་རྒྱས་ཤོས་《ཀུན་སྤངས་ཀུན་ཏུ་རྒྱུ་》ཞེས་པའི་འགྱུར་དེབ་གལ་ཆེན་དབུ་འབྱེད།

སྤྱི་ལོ་༢༠༢༥ ཟླ་ ༡ ཚེས་ ༡༥ ཉིན། ཝར་ཎཱ་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་ལྟེ་གནས་སུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག་མ་ཐུ་རི་ཁར་ཌི་མཆོག་གིས་དབྱིན་སྐད་དུ་བརྩམས་པའི་རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྒྱས་ཤོས་དེ་ཉིད་བོད་འགྱུར་འགྲེམ་སྤེལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་གནང་ཡོད།

དེ་ཡང་ཧྥ་རན་སིར་འཁྲུངས་ཤིང་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སློབ་དང་༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་ཡིན་པའི་དགེ་སློང་དཀོན་མཆོག་བསྟན་འཛིན་ནམ་མ་ཐུ་ རི་ཁར་ཌི་ཞེས་པ་ཁོང་གིས་དཔལ་སྤྲུལ་གྱི་རྣམ་ཐར་ཡིག་ཐོག་ཏུ་ཡོད་པ་དག་ལ་གཞི་བྱས་ནས་མི་ལོ་སུམ་ཅུར་ཉེ་བའི་རིང་བོད་གཞི་བྱེས་ཀྱི་མཁས་པ་དང་རྒན་རབས་པ་མང་པོར་བཅར་འདྲི་ཞུས་པའི་ཉིང་བཅུད། རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྒྱས་ཤོས་ཀུན་སྤངས་ཀུན་ཏུ་རྒྱུ་ཞེས་པ་དབྱིན་ཡིག་ཏུ་ཡོད་པ་དེ་ཉིད། ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱིས་འགན་ཁུར་གལ་ཆེའི་ལས་གཞིའི་རྣམ་གྲངས་ཀྱི་ངོ་བོར་ལོ་ཙཱ་བ་གྲགས་ཅན་ཆུང་ཚེ་རིང་ལགས་ཆེད་དུ་གདན་ཞུས་ཀྱིས་བོད་བསྒྱུར་གནང་བ་དང་། ནོར་བཟང་དཔེ་ཁང་གི་ངོས་ནས་རྒྱ་བལ་འབྲུག་གསུམ་དུ་དངོས་སུ་འགྲེམ་སྤེལ་མགོ་འཛུགས་ཞུ་བཞིན་ཡོད་འདུག །

དེ་ཡང་མཛད་སྒོའི་ཐོག་མར་མཁན་པོ་རྫ་ཚེ་རིང་བཀྲིས་ལགས་ཀྱིས་སྐུ་མགྲོན་ངོ་སྤྲོད་དང་འཚམས་འདྲི་དང་འབྲེལ། དགེ་སློང་དཀོན་མཆོག་བསྟན་འཛིན་ཉིད་ཕྱི་རྒྱལ་བ་ཞིག་གི་ངོས་ནས་འདི་ལྟར་ཐུགས་སྣང་ཆེན་པོས་༧རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དབྱིན་ཡིག་ཏུ་བརྩམས་གནང་བ་དང་། ཁོང་གིས་བོད་ཡིག་ཏུ་བསྒྱུར་ནས་བོད་ཀྱི་ཀློག་པ་པོ་དག་གིས་གཟིགས་ཐུབ་པ་ཞིག་ཡོང་རྒྱུར་ཐུག་རེ་གནང་བ་བཞིན་བོད་ཡིག་ཏུ་བསྒྱུར་བའི་ལས་གཞི་འདི་བརྩམས་པ་ཡིན་ཚུལ་དང་། དཔལ་སྤྲུལ་རིན་པོ་ཆེ་ནི་འཇིག་རྟེན་གྱི་བཤད་སྟངས་བྱས་ན་དགེ་རྒན་ཆེས་བཟང་པོ་ཞིག་ཡིན་པ་དང་། ཁོང་ནི་སྤྱིར་བཏང་ཕལ་པས་ཀྱང་གོ་ཐུབ་པའི་སྙན་ངག་རྩོམ་མཁན་དང་། ཀུན་བཟང་བླ་མའི་ཞལ་ལུང་ལྟ་བུ་ད་ལྟའང་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་ཚང་མའི་གཅེས་ནོར་ལྟ་བུར་གྱུར་ཡོད་པ་སོགས་ཀྱིས་ད་ཐེངས་དར་ཐང་སྲས་མོ་ཚེ་རིང་དགེ་ལེགས་མཆོག་གིས་གཙོ་འགན་བཞེས་ཤིང་། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབུ་བཞུགས་གནང་ནས་འགྲོ་བཞིན་པའི་ཝར་ཎཱ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ལྟེ་གནས་ཀྱི་དུས་རབས་ཉེར་གཅིག་པའི་ནང་ཆོས་འཆད་ཁྲིད་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་འཆད་ཁྲིད་ཀྱི་ཟབ་སྦྱོང་འདི་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་པ་བཅས་ཀྱི་སྐོར་གསལ་བཤད་ཞུས་རྗེས། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པའི་ཤིས་བརྗོད་དང་བཅས་དཔེ་དེབ་དབུ་འབྱེད་ཀྱི་རྟེན་འབྲེལ་གྲུབ་པ་དང་། འཕགས་ཡུལ་ལྷོ་གནས་རྫ་ཆུ་ཁའི་ཚོགས་པའི་དྲུང་ཆེ་ཐུབ་བསྟན་རབ་བརྟན་ལགས་དང་། ཝར་ཎཱ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ལྟེ་གནས་ཀྱི་ངེས་སྟོན་པ་དར་ཐང་སྲས་མོ་ཚེ་རིང་དགེ་ལེགས་གཉིས་ཀྱིས་གསུང་བཤད་གནང་བ་དང་། ལོ་ཙཱ་བ་ཆུང་ཚེ་རིང་གིས། ཁོང་གིས་གསུང་འདི་བོད་བསྒྱུར་གྱི་གོ་སྐབས་བྱུང་བ་ནི་ཁོང་གི་སྐུ་ཚེའི་ནང་གི་བོད་འགྱུར་གྱི་ལས་དོན་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། བསྒྱུར་གྱི་གོ་རིམ་ཁྲོད་དུའང་སེམས་པ་སྤྲོ་སྣང་གིས་ཁེངས་པ་སོགས་བྱུང་བ། དེ་བཞིན་ཀློག་པ་པོའི་གནས་སྟངས་ལ་བསམ་གཞིག་གིས་སྒྲ་བསྒྱུར་དང་དོན་འགྱུར་གྱི་ཕྱོགས་ལ་ཆ་མཉམ་གྱི་དགོངས་པ་བཞེས་ཕྱོགས། ཞུས་དག་བཅས་ཀྱི་ཐད་གསུང་བཤད་གལ་ཆེན་གནང་།


དེ་ནས་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དབང་ཕྱུག་རྡོ་རྗེ་མཆོག་གི་ད་ལྟ་མིས་བཟོས་རིག་ནུས་ཀྱི་དུས་རབས་འདིར་ང་ཚོས་དཔལ་སྤྲུལ་རིན་པོ་ཆེའི་མཛད་པ་དང་རྣམ་ཐར་གྱི་ཆ་ཤས་གལ་ཆེན་ཞིག་ནི་སྤྱོད་འཇུག་དང་འབྲེལ་ཡོད་པ་དང་། སྤྱོད་འཇུག་གི་ཉམས་ལེན་ལ་བསྟེན་ནས་བྱང་སྙིང་རྗེ་དང་བཟང་སྤྱོད་ལྡན་པའི་གང་ཟག་ཅིག་ཏུ་འགྱུར་དགོས་པ། ཐེག་པ་གསུམ་གྱི་རྣམ་ཐར་གྱི་གོ་དོན་དང་འབྲེལ་ནས་རྣམ་ཐར་ལ་ལྟ་སྟངས་གང་འདྲ་འཛིན་དགོས་པ་བཅས་ཀྱི་ཐད་ལ་བཀའ་སློབ་གལ་ཆེན་གནང་མཐར། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་གསུང་གི་ཆེ་བ། ལོ་ཙཱ་བའི་སྒྱུར་རྩལ་ལ་གདེངས་འཇོག་སོགས་ཀྱི་བཀའ་སློབ་གནད་དུ་ཁེལ་བ་གསུངས་པར་མ་ཟད། རིན་པོ་ཆེ་ཉིད་ཀྱི་ཉམས་ལེན་ཡོད་ཚད་མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་སོགས་དཔལ་སྤྲུལ་གྱི་གསུང་དག་ཡིན་ཚུལ་སོགས་ཀྱི་ཐད་བཀའ་སློབ་གནང་།


མཇུག་ཏུ། ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་ངོས་ནས་ལོ་ཙཱ་བ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་མཚོན་དོད་དང་ཁ་བཏགས་༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་མཆོག་གི་ཕྱག་ནས་དངོས་གནང་མཐར། དར་ཐང་སྲས་མོ་མཆོག་གིས་ཀྱང་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་སྒྲོན་གནང་རྗེས། ནོར་བཟང་དཔེ་ཁང་གི་འགན་འཛིན་ལི་ཐང་དབྱིག་གཉེན་གྱིས་བོད་ཡིག་དཔེ་དེབ་འགྲེམ་སྤེལ་གྱི་དགོས་དམིགས་སོགས་དང་འབྲེལ་བའི་གསལ་བཤད་བཅས་ཧ་ཅང་ཕུན་སུམ་ཚོགས་པའི་ངང་ནས་མཛད་སྒོ་མཇུག་དྲིལ་ཡོད། དེབ་འདིའི་མགོ་བརྗོད་ཀྱང་༧གོང་ས་མཆོག་གིས་གནང་བ་ཞིག་ཡིན་འདུག །