རྫུན་ཞིག་ཐེངས་བརྒྱ་ལ་བཤད་ན་འདི་འདྲ་རེད།
བཤད་སྲོལ་ལ་མའོ་ཙེ་ཏུང་གིས་གཤོབ་ཅིག་ཐེངས་མ་བརྒྱ་ལ་བཤད་ན་བདེན་པར་འགྱུར་བ་རེད་ཟེར། དེའི་ནང་དོན་ནི་འདི་ལྟ་བུ་ཞིག་ཡིན། དཔེར་ན་བོད་ལ་མཚོན་ན་རྒྱལ་རབས་དང་ལོ་རྒྱུས། མི་རིགས་ཀྱི་བྱུང་རབས་དང་རིག་གནས། སྐད་དང་ཡི་གེ་སོགས་མདོར་ན་ཡོད་ཚད་པོ་རྒྱ་ནག་པ་དང་རྒྱ་ནག་རྒྱལ་ཁབ་ལས་ཁ་ཁ་སོ་སོ་ཡིན་པ་རེད།
ཡིན་ནའང་། ༡༩༤༩ ལོ་ནས་རྒྱ་ནག་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས། མཐར་བོད་རྒྱལ་ཁབ་འདི་རྒྱ་ནག་སྲིད་གཞུང་གི་དབང་བསྒྱུར་འོག་བཅུག་པ་དང་། དེ་ནས་བོད་མི་སུ་ཞིག་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་བདག་དབང་རྩོད་ལེན་བྱ་བའི་ལས་འགུལ་ཞིག་སྤེལ་བ་ཡིན་ན། དེ་ལ་རྒྱ་ནག་སྲིད་གཞུང་གིས་ཁ་བྲལ་བ་དང་ཁ་བྲལ་རང་ལུགས་པ་ཞེས་པའི་ཞ་མོ་ཞིག་གཡོག་རྐྱང་བྱེད་ཀྱི་ཡོད་པ་དང་། ཁ་བྲལ་བ་དང་ཁ་བྲལ་རིང་ལུགས་པ་ནི་ཁྲིམས་འགལ་བ་དང་ནག་ཉེས་ཅན། མ་རབས་དང་ཐ་ཆད། མདོར་ན་ངན་དགུའི་བདག་པོ་ཡིན་པའི་གནས་ལུགས་རྫུན་མ་ཏག་ཏག་བཤད་ནས། ད་ལྟ་བོད་མི་ཚོའི་ནང་ན་ཡང་། སོ་སོའི་ལོ་རྒྱུས་དང་བྱུང་རབས། ཁྲིམས་དོན་དང་དོན་དངོས་ཀྱི་ཐོག་ནས་དབང་བའི་རྒྱལ་ཁབ་དང་མི་རིགས་བདག་དབང་བཤད་སྐབས་ཁ་བྲལ་བ་ཟེར་བ་དེ་ལ་ཞེད་ནས། དེ་ནི་སྡུག་པོ་ཞིག་ཡིན་སྣང་ཤར་ནས་ང་ཁ་བྲལ་བ་མིན་རབས་ཏག་ཏག་བཤད་ཀྱི་ཡོད། དེའི་རྒྱུ་མཚན་ལ་བོད་རྒྱ་ནག་ལས་ཁ་ཁ་བྱེད་ཀྱི་མིན་ཟེར་ནས་རང་དོན་ཤོར་ཀྱི་ཡོད་པ་རེད།
ངོ་མ་བཤད་ན་རྒྱ་བོད་ཐ་དད་ཡིན་པ་གོང་དུ་བཤད་པ་ལྟར་ཡིན་པས། རྒྱ་བོད་བར་ལ་ཁ་བྲལ་དང་མི་བྲལ་གྱི་གཞི་རྩ་ཞིག་གཏན་ནས་གྲུབ་མེད་ན་ཡང་། ལ་ལས་དེ་ན་ཁ་བྲལ་བའི་འདུ་ཤེས་ཤིག་གམ་བག་ཆགས་ཤིག་འདོར་མི་ཐུབ་པར་གྱུར་ཡོད། འདི་ལྟ་བུ་ལ་གཤོབ་ཅིག་ཐེངས་མ་བརྒྱ་བཤད་ན་བདེན་པར་འགྱུར་ཞེས་པའི་ནང་དོན་ལྡན་པ་རེད། དེ་མིན་གསེར་གྱི་མཛུབ་གདུབ་ཞིག་ར་ཀན་རེད་ཅེས་བརྒྱ་ཚར་ཞིག་བཤད་པས་གསེར་གདུབ་ར་ཀན་ལ་འགྱུར་བའི་དོན་མ་རེད་སྙམ།།
ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས།