རྭ་རྒྱ་འཇིགས་མེད་རྒྱལ་མཚན་ནས་བོད་མི་ཚོས་ད་ལྟའི་དུས་རབས་ཀྱི་ཤེས་བྱའི་ཐོག་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་གནང་འདུག

རྭ་རྒྱ་འཇིགས་མེད་རྒྱལ་མཚན་ནས་ཚན་རིག་དར་དུས་ཚན་རིག་མ་སྦྱངས་པ་དང་བཟོ་ལས་དུས་སུ་བཟོ་ལས་ལ་མ་འབད་པར་བརྟེན། དཔལ་འབྱོར་འཕེལ་རྒྱས་འགྲོ་མ་ཐུབ་པར་ལུས་ཡོད་པ་དང་། ལྷག་པར་དུ། ད་ལྟའི་དུས་རབས་ནི་ཚན་རིག་དང་མི་བཟོས་རིག་ནུས་ཀྱི་དུས་སྐབས་ཤིག་ཡིན་པས། རྒན་གཞོན་ཀུན་གྱིས་དུས་རབས་གསར་པའི་ཤེས་བྱ་གསར་པའི་ཐོག་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་གནང་བ་དང་སྦྲགས། རྭ་རྒྱ་ཤེས་རིག་སློབ་གླིང་ཡང་བསྐྱར་འཚོག་རྒྱུའི་ཆོག་མཆན་གྱི་ཡི་གེ་རག་ཡོད་པའི་སྐོར་སོགས་གསུངས།
ཟླ་འདིའི་ཚེས་༡༥ ཉིན། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་ལག་རྩལ་གྱི་ཕྱོགས་ནས་རྭ་རྒྱ་ཤེས་རིག་སློབ་གླིང་ཡང་བསྐྱར་འཚོག་རྒྱུའི་ཆོག་མཆན་གྱི་ཡི་གེ་རག་ཡོད་པ་སོགས་ཀྱི་མང་ཚོགས་ལ་བཀའ་སློབ་གནང་བཞིན་པའི་བརྙན་ཞིག་བོད་ནང་གི་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་འདུག་ལ། བརྙན་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་མ་གཞིས་བྱེས་བོད་མི་ཚོས་དགའ་བསུ་ཆེན་པོ་བྱས་སོང་། བརྙན་དེའི་ནང་ཁོང་གིས་འཛམ་གླིང་རྒྱལ་ཁབ་གཞན་གྱི་ནང་དམག་འཁྲུག་དང་མུ་གེ་མང་བ་དང་བསྡུར་ན། རྒྱ་ནག་ཕྱོགས་ལ་བདེ་སྐྱིད་ལྡན་པ་དང་། ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་རིམ་གཞན་གྱི་ཚད་ལས་བརྒལ་ཡོད་ན་ཡང་། རྒྱ་ནག་ནང་ཁུལ་དུ་ཤར་ལྷོའི་ཁྱད་པར་དང་ནུབ་བྱང་གི་ཁྱད་པར་ཡོད་པ། རྒྱ་ནག་རྒྱལ་ཡོངས་དང་བསྡུར་ན་ནུབ་ཁུལ་གྱི་དཔལ་འབྱོར་གྱི་ཆ་རྐྱེན་སོགས་ཕྱོགས་གང་ནས་ཀྱང་ཞན་པོ་ཡོད་པ།
དེའི་རྒྱུ་མཚན་ནི་ཚན་རིག་དར་བའི་སྐབས་དེར་ཚན་རིག་མ་སྦྱངས་པ་དང་། བཟོ་ལས་དུས་རབས་ཀྱི་སྐབས་དེར་བཟོ་ལས་ལ་མ་འབད་པ། རིག་གནས་ཤེས་བྱ་སྦྱོང་བའི་སྐབས་དེར། རིག་གནས་ཤེས་བྱ་མ་སྦྱངས་པར་བརྟེན། རང་ལ་ཡོད་པའི་རིག་གནས་ཀྱི་རྨང་གཞི་ལ་བརྟེན། བདེ་སྐྱིད་དང་དཔལ་འབྱོར་གྱི་ཆུ་ཚད་དེ་ཙམ་མ་གཏོགས་འཛོམས་ཀྱི་མེད་པ།
ད་ལྟའི་དུས་ཚོད་ནི་ཚན་རིག་དར་དུས་དང་། ལྷག་པར་དུ་ཉེ་ལམ་ལོ་ངོ་བཅུའི་ཡར་སྔོན་ནས་མི་བཟོས་རིག་ནུས་དར་བའི་དུས་སྐབས་ཤིག་ཆགས་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་རྒྱལ་ས་པེ་ཅིན་ལྟ་བུའི་ནང་། སློབ་གྲྭའི་ནང་འཕྲུལ་མིས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། འཕྲུལ་ཆས་ཀྱི་སྟོབས་ལ་བརྟེན་ནས་འཕྲུལ་ཆས་ཀྱི་སྨན་པ་ལྡན་པའི་སྨན་ཁང་གསར་རྒྱག་བྱེད་བཞིན་པས། མི་བཟོས་རིག་ནུས་ལྟ་བུའི་དེང་རབས་ཀྱི་ཤེས་བྱ་ཚང་མ་ངེས་པར་དུ་སྦྱོང་དགོས་པར་གསུང་གི་འདུག
དེ་བཞིན་མི་བཟོས་རིག་ནུས་ཀྱི་དུས་སྐབས་དེར། ཁྱེད་ལ་ཡོན་ཏན་མེད་ན་ཡང་། འཕེལ་རྒྱས་འགྲོ་རྒྱུའི་གོ་སྐབས་ཡོད་པས། སློབ་པ་ཙམ་མ་ཟད། ཡོན་ཏན་མེད་མཁན་གྱི་ཞིང་པ་དང་འབྲོག་པ་ཚོས་ཀྱང་སྦྱོང་གལ་ཆེ་བ་དང་སྦྱོང་ཐུབ་པ་ཞིག་ཡིན་པས། ཚང་མས་དུས་རབས་གསར་པའི་ཤེས་བྱ་གསར་པ་སྦྱོང་དགོས་རྒྱུ་གལ་ཆེན་ཡིན་པར་གསུངས་པ་དང་སྦྲགས།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་མཚོན་ན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགྲོ་ལུགས་མང་པོ་ཞིག་དང་བསྟུན། སྔོན་ཆད་ལྟར་དུ་འཚོགས་མི་ཆོག་རུང་ལག་རྩལ་སློབ་སྦྱོང་སྐོར་ནས་སློབ་གྲྭ་འདི་ཡང་བསྐྱར་ཕྱིར་འཚོག་རྒྱུའི་ཆོག་མཆན་ཡོངས་སུ་ཐོབ་ནས་མྱུར་དུ་འཚོག་ཆོག་ཆོག་བྱས་སྡད་ཡོད་པས། ཐོག་མ་མང་ཚོགས་མང་མས་ཁ་པར་བཀོད་སྤྱོད་ཇི་ལྟར་བྱེད་དགོས་པའི་ལག་རྩལ་གཙོ་བོ་ཡིན། ཚང་མས་ལག་རྩལ་ཐོག་སྦྱོང་རྒྱུའི་རེ་བ་ཡོད་སོགས་ཀྱི་བཀའ་སློབ་གནང་འདུག རྭ་རྒྱ་སློབ་གླིང་དེ་སླར་ཡང་འཚོགས་ཆོག་རྒྱུའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་མ་ཐག བྱེས་ཀྱི་བོད་པ་མ་ཟད་བོད་ནང་གི་མི་སྒེར་ཚོས་རྩོམ་ཡིག་དང་སྐད་ཆའི་ལམ་ནས་དགའ་དགུ་ཞུས་དང་ཞུ་བཞིན་འདུག་ལ། ཁ་ཤས་ཀྱིས་གཏམ་བཟང་དེ་དང་འབྲེལ་ད་ནས་ང་ཚོས་བོད་རང་གི་སྐད་ཡིག་ལ་ཤུགས་རྒྱག་དགོས་པ་དང་། སྐད་ཡིག་ནི་མི་རིགས་ཤིག་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན་པའི་སྐོར་སོགས་སྐད་ཆ་ཤོད་མཁན་འདུག
ལོ་སྔོན་མའི་ཕྱི་ཟླ་༧ པའི་ནང་རྒྱ་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབས་ཡོད་ཀྱང་། ལོ་འདིའི་ཕྱི་ཟླ་༤ པའི་ཚེས་༡༥ ཉིན་བསྐྱར་དུ་འཚོགས་ཆོག་པའི་གཏམ་བཟང་དེ་ཐོན་ཡོད་པ་རེད། འོན་ཀྱང་ལག་རྩལ་གྱི་ཕྱོགས་མ་གཏོགས་སྔར་ལྟར་བོད་ཀྱི་རིག་གནས་གཞན་མེད་པ་དེར་མི་མང་པོ་བློ་ཕམ་གྱི་གཞིར་གྱུར་འདུག
བློ་བཟང་རྒྱ་མཚོ།