རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབས་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་སྐོར་དཔྱད་གླེང་། 

བོད་ཀྱི་བང་ཆེན་གསར་ཁང་གི་པར།

ཉེ་ཆར་རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་ཡོད་པར་བརྟེན། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོས་སེམས་འཚབ་དང་བློ་ཕམ། སྐྱོ་གདུང་དྲག་པོའི་ཐོག་ནས་སློབ་གྲྭ་དེ་སྒོ་རྒྱག་བཅུག་པའི་རྩོམ་དང་བརྙན་སོགས་ཀྱི་ལམ་ནས་ངོ་རྒོལ་ཤུགས་ཆེན་བྱས་སོང་ལ། དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབས་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་སྐོར་དཔྱད་གླེང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་གནང་སོང་། 
ཕྱི་ཚེས་༢༩ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ནང་ཉེ་ཆར་རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབས་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་སྐོར་དཔྱད་གླེང་ཞེས་པའི་བརྗོད་གཞིའི་ཐོག བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དང་སྤྱི་འཐུས་པདྨ་མཚོ། རྭ་རྒྱ་ཤེས་རིག་སློབ་གླིང་གི་སློབ་ཟུར་དང་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ། གཞན་བོད་མིའི་སྤྱི་འཐུས་རྒྱུན་ལས་འགའ་དང་། རྡ་སར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཅས་མི་མང་པོ་འཛོམས་སོང་། སྐབས་དེ་དུས་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དེ་ཐོག་མར་གསར་འཛུགས་གནང་དུས། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྲྭ་རྐྱང་ཞིག་གིས་མགོ་ལོག་ཁུལ་དུ་སློབ་གྲྭ་ཞིག་གསར་འཛུགས་ཆེད་དུ་ས་གནས་རྒྱ་ནག་གཞུང་ལ་ཐེངས་ཉི་ཤུ་ལྷག་ཞུ་གཏུག་བྱས་ཏེ་མཐར་ཆོག་མཆན་ཐོབ་ནས་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། སློབ་གྲྭ་དེ་གསར་འཛུགས་གནང་དུས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་རང་གི་ཨ་མའི་རྒྱན་ཆ་ཡོད་ཚད་བཙོངས་ནས་སློབ་གྲྭ་དེ་གསར་འཛུགས་ཀྱི་ཆེད་དུ་འགྲོ་གྲོན་བཏང་ཡོད་ཅིང་། སློབ་གྲྭ་དེའི་ནང་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག གློག་ཀླད་སོགས་ཀྱི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད་ཀྱང་། ད་ཆར་སློབ་གྲྭ་དེ་སྒོ་བརྒྱབས་པ་ནི་ཧ་ཅང་གི་བློ་ཕམ་བྱེད་ཡུལ་ཞིག་ཡིན་པར་བརྗོད་གནང་སོང་། 
རྭ་རྒྱ་ཤེས་རིག་སློབ་གླིང་གི་སློབ་ཟུར་དང་བོད་གནས་ལྟ་ཞིབ་ཁང་གིས་ཉམས་པ་ཞི་བདེ་ཟླ་བས་སློབ་གྲྭ་དེའི་ཁོར་ཡུག་དང་མྱོང་ཚོར་སྐོར་གཏམ་བཤད་གནང་དོན་ལ།  ཁོང་རང་ཉིད་ཐོག་མ་སློབ་གྲྭ་དེར་འགྲོ་དུས་བོད་ཡིག་ཀློག་ཤེས་པ་ཙམ་ལས་འབྲི་མི་ཤེས་ཀྱང་། ལོ་གཉིས་ཀྱི་རྗེས་སུ་བོད་ཡིག་ནང་རྩོམ་ཡིག་འབྲི་ཐུབ་པ་ཡར་རྒྱས་ཕྱིན་སོང་། རྒྱུ་མཚན་ནི་སློབ་གྲྭ་དེའི་ནང་གི་དགེ་རྒན་རྣམས་ནི་ཧ་ཅང་གི་ཚད་ལྡན་ཡོད་པ་དང་། སློབ་མ་ཚང་མ་ཤེས་ཡོན་ལ་དགའ་ཞེན་ཆེ་ཞིང་། བརྩོན་འགྲུས་ཆེན་པོ་ཡོད་པ་རྐྱང་རྐྱང་ཡིན་དུས་རང་ཉིད་ཀྱང་སྐུལ་མ་ཆེན་པོ་ཐེབས་ཚུལ་དང་། དེ་བཞིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ནི་ཧ་ཅང་གིས་མི་བློ་སྟོབས་ཅན་ཞིག་དང་མི་རིགས་ལ་ཤ་ཞེན་ཡོད་མཁན་གྱི་དགེ་རྒན་ཞིག་ཡིན་པར་བརྗོད་སོང་། དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་ད་ལྟ་བོད་ནང་སྒེར་བཙུགས་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་བཅུག་པ་དེ་རྒྱ་ནག་གཞུང་གི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་དང་། བོད་མི་རྣམས་རྒྱ་རིགས་ལ་སྒྱུར་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ། དེ་སྔོན་རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་པའི་ཕྲུ་གུ་མང་པོ་ཞིག་རྒྱ་ནག་ནང་མར་ཁྲིད་ནས་རྒྱ་མིར་སྒྱུར་ཐབས་ཀྱི་ཆེད་དུ་རྒྱའི་སློབ་གྲྭའི་ནང་བཏང་བ་དང་། རྒྱའི་སྐད་ཡིག་ལས་གཞན་བོད་སྐད་དང་བོད་ཡིག་གང་ཡང་མི་ཤེས་མཁན། རྒྱ་རིགས་རང་བཟོ་ཐབས་བྱས་ཡོད་ཀྱང་། སྲིད་བྱུས་དེ་ལམ་འགྲོ་མ་བྱུང་བར་བརྟེན། ད་ཆར་བོད་ནང་རྒྱ་ནག་གིས་བཅའ་སྡོད་སློབ་གྲྭ་ཟེར་བའི་མིང་ཞིག་བཏགས་ནས་དོན་ལ་བཙོན་ཁང་ངོ་མ་རེད། སློབ་གྲྭའི་ནང་གི་བུ་ཕྲུག་དང་ཕ་མ་གཉིས་ཁ་བྲལ་གཏོང་གི་ཡོད་པ་དང་། བུ་ཕྲུག་དང་རང་གི་ཕ་མེས་ཡང་མེས་ཀྱི་རིག་གཞུང་དང་སྐད་ཡིག་གཉིས་བར་ཁ་བྲལ་གཏོང་གི་ཡོད་པ། མ་འོངས་པར་བུ་ཕྲུག་དེ་ཚོ་བོད་པའི་རིག་གཞུང་ལ་མཐོང་ཆུང་བྱེད་མཁན་ཞིག་དང་རྒྱའི་རིག་གཞུང་དང་སྐད་ཡིག ལུགས་སྲོལ་སོགས་ལ་མཐོང་ཆེན་བྱེད་མཁན་བཟོ་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་སོང་།
མ་འོངས་པར་རྒྱ་ནག་གིས་ད་དུང་བོད་ནང་དུ་ཡོད་པའི་སྒེར་གྱིས་བཙུགས་པའི་སློབ་གྲྭ་ཡོད་པ་དག་སྒོ་རྒྱག་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་སོང་། ད་ཐེངས་རྭ་རྒྱ་སློབ་གྲྭ་སྒོ་བརྒྱབས་པ་དེ་རྒྱ་ནག་དབུས་གཞུང་ནས་བཙན་བཀའ་བཏང་ནས་སྒོ་རྒྱག་བཅུག་ཡོད་པ་ལས། གཞན་དཔོན་ངན་འགའ་ཤེས་ཀྱི་ངན་བྱུས་འོག་ནས་སྒོ་རྒྱག་བཅུག་ཡོད་པ་ཞིག་རེད་མི་འདུག་ཅེས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་གསལ་བཤད་ཡི་གེ་གཞིར་བཞག་པའི་ཐོག་ནས་བརྗོད་སོང་། དེའི་རྒྱུ་མཚན་ནི་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་སློབ་གྲྭ་སྒོ་བརྒྱབས་རྗེས་གསལ་བཤད་ཀྱི་ཡི་གེ་ཞིག་བྲིས་ཡོད་འདུག་པ་དང་། ཁོང་གི་གསལ་བཤད་ཡི་གེའི་ནང་། སློབ་གྲྭ་དེ་སྒོ་བརྒྱབས་པ་ནི་མི་གང་ཡང་རུང་བས་དབང་ཆ་སྒེར་གཅོད་དང་། ལས་ཁུངས་གང་རུང་གིས་ཕྱོགས་ཞེན་དང་བཙན་གནོན་བྱས་པ་མ་ཡིན་པར་རྒྱལ་ཁབ་ཀྱི་ལས་རིགས་ཆེད་ལས་སློབ་གྲྭའི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལྟར་སྒྲུབ་མཚམས་བཞག་སྐོར་བརྗོད་པར་བརྟེན། སློབ་གྲྭ་དེ་སྒོ་རྒྱག་མཁན་རྒྱ་ནག་དབུས་གཞུང་ནས་བཙན་བཀའ་ཡིན་པ་གསལ་པོ་རེད་ཅེས་བརྗོད་སོང་། དེ་བཞིན་གཏམ་བཤད་གནང་མཁན་གཞན་རྣམས་ཀྱིས་ཀྱང་སློབ་གྲྭ་དེ་སྒོ་བརྒྱབས་པ་བློ་ཕམ་ཡོད་པ་དང་མ་འོངས་པར་རྒྱལ་སྤྱིའི་ཐོག་གནད་དོན་དེ་དག་གླེང་སློང་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པ་སོགས་བརྗོད་གནང་སོང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།