རླངས་འཁོར་ལམ་ནོར་ཤོར་ནས་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་འདུག

ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་ནང་སློབ་གྲྭའི་རླངས་འཁོར་ཞིག་ལམ་ནོར་ཤོར་ནས་གཡང་དུ་ལྷུང་འདུག་པས། ལོ་ཆུང་སློབ་ཕྲུག་མང་པོ་ཞིག་གིས་ཚེ་སྲོག་ཤོར་རྐྱེན། མི་མང་པོས་སེམས་སྡུག་བྱེད་བཞིན་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་གྱིས་ཀྱང་སེམས་གསོའི་ཡིག་ཆུང་བྲིས་འདུག

ཟླ་༤ པའི་ཚེས་༡༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༩ ཉིན་གྱི་ཉིན་རྒྱབ་ལ། ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ནུར་པུར་ཉེ་འགྲམ་དུ། སྒེར་གྱི་སློབ་གྲྭ་ཞིག་གི་རླངས་འཁོར་ཞིག་ལམ་ནོར་ཤོར་ནས་གཡང་དུ་ལྷུང་ཡོད་འདུག་པ་དང་། དེའི་ཁྲོད་སློབ་ཕྲུག་༢༣ དང་མི་རྒན་པ་༤ ཡི་ཚེ་སྲོག་ཤོར་བ་དང་། སློབ་ཕྲུག་ཕལ་ཆེ་བ་ལོ་ན་༥ ནས་༡༤ བར་ཡིན་འདུག

རླངས་འཁོར་ཁ་ལོ་བའི་ཚེ་སྲོག་ཤོར་ཡོད་པ་དང་། ཉེན་རྟོག་པས་ཁོ་ལ་བས་རླངས་འཁོར་སྣང་མེད་ཐོག་བཏང་ནས་གཞན་གྱི་ཚེ་སྲོག་ཤོར་བའི་ཉེས་འཛུགས་བྱས་ཡོད་འདུག ད་ལྟའི་ཆར་ཉེན་རྟོག་པས་དོན་རྐྱེན་དེའི་འབྱུང་རྐྱེན་རྩད་གཅོད་བྱེད་བཞིན་ཡོད་ཁར། དོན་རྐྱེན་དེ་དངོས་སུ་མཐོང་མཁན་ཁག་ཅིག་གིས། ལམ་གྱི་དཀྱོག་མཚམས་ལ་རླངས་འཁོར་དེ་ལམ་ནོར་ཤོར་ནས་གཡང་དུ་ལྷུང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་གར་གྱི་སྲིད་བློན་མཱོ་ཌི་ཡིས་དོན་རྐྱེན་དེ་ལ་བརྟེན་ནས་ཚེ་སྲོག་མང་པོ་ཤོར་བར་སེམས་སྡུག་ཡོད་པ་དང་། ཚེ་སྲོག་ཤོར་མཁན་དང་དེ་དག་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གྱི་སེམས་གསོའི་ཡིག་ཆུང་ཞིག་སྤྱི་ཚོགས་བརྒྱུད་ལམ་ཊུ་ཊེར་ཐོག་བྲིས་ཡོད་འདུག་པ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇཱེ་རམ་ཐ་ཀུར་གྱིས་ཚེ་སྲོག་ཤོར་མཁན་གྱི་ནང་མི་ཚོར་ཧིན་སྒོར་འབུམ་༥ རེ་གུན་གསབ་ཆེད་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།