ལ་དྭགས་ནས་༧གོང་ས་མཆོག་ལ་ཆེས་མཐོའི་གཟེངས་རྟགས་འབུལ་དགོས་པའི་རེ་སྐུལ་ཞུས་འདུག
ཟླ་༩ པའི་ཚེས་༡༤ ཉིན་འཁོད་ཀྱི་ཡི་གེ་ཞིག་ནང་། ལ་དྭགས་ནང་པའི་ལྷན་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ལ། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པའི་རེ་སྐུལ་བྱས་འདུག
དེ་ཡང་ཡི་གེའི་ནང་འཁོད་དོན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༧གོང་ས་མཆོག་ནི། ལ་དྭགས་ཚུད་པའི་དམིགས་བཀར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཐེག་ཆེན་གྱི་ནང་པའི་འགོ་ཁྲིད་མཐོ་ཤོས་སུ་བརྩི་ཡི་ཡོད་པ་དང་། ཁོང་གི་བཀའ་སློབ་བརྒྱུད་ནས་མི་མང་སྟོང་ཕྲག་མང་པོའི་མི་ཚེ་འགྱུར་བ་བཏང་ཡོད་པ། ཁོང་གིས་ཆོས་ལུགས་མཐུན་སྒྲིལ་ཐད་ལ་ཕྱག་ལས་ཆེན་པོ་གནང་ཡོད་པ་དང་ཞི་བདེའི་སྐུ་ཚབ་ཡིན་སྐོར་སོགས་དང་། ༧གོང་ས་མཆོག་ནས་རྒྱ་གར་གྱི་སྐུ་ཚབ་གནང་ནས། རྒྱ་གར་གྱི་ལྟ་གྲུབ་འཚེ་མེད་ཞི་བ་དང་བྱམས་བརྩེ་ཁྱབ་སྤེལ་བཏང་ཡོད་པ་མ་ཟད། རྒྱ་གར་གྱི་ཆོས་ལུགས་རིས་མེད་དང་ཆོས་ལུགས་འདྲ་མིན་ཞི་བའི་མཉམ་གནས་སོགས་ལ་བསྟོད་བསྔགས་ཆེན་པོ་གནང་བཞིན་ཡོད་པ། ཁོང་གིས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ནང་རྒྱ་གར་གྱི་ཆེ་མཐོང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། རྒྱ་གར་མི་མང་གིས་ཁོང་ལ་གུས་བརྩི་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོང་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་འོས་པ་ཡིན་པས། ལ་དྭགས་ནང་པའི་ལྷན་ཚོགས་ནས་ལ་དྭགས་དབུས་གཞུང་གི་འཛིན་སྐྱོང་མངའ་ཁུལ་གྱི་མི་མང་ཚང་མའི་ཚབ་ཞུས་ནས། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་བའི་རྒྱབ་སྐྱོར་ཞུ་ཡི་ཡོད་སྐོར་བརྗོད་འདུག
གཟེངས་རྟགས་དེ་ཕྱི་ལོ་༡༩༥༤ ལོ་ནས་འགོ་བཙུགས་ཡོད་འདུག་པ་དང་། རྒྱལ་ཁབ་ཀྱི་སྲིད་བློན་གྱིས་གཟེངས་རྟགས་དེ་གནང་ཡུལ་མིང་ཐོ་མང་མཐར་གསུམ་ཞིག་ངོ་སྤྲོད་རྒྱབ་གཉེར་བྱས་ཏེ་སྲིད་འཛིན་ལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག ཐོག་མར་གཟེངས་རྟགས་དེ་རྒྱ་གར་གྱི་མི་སེར་གཅིག་པུར་གནང་གི་ཡོད་འདུག་ཀྱང་། ཕྱིས་སུ་མི་སེར་མིན་པ་རྣམས་ལ་ཡང་གནང་རྒྱུ་ཡོད་པ་ཆགས་ཡོད་འདུག གཟེངས་རྟགས་དེ་དང་མཉམ་དུ་དངུལ་སྤྲོད་སྲོལ་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།